སྤོབས་པའི་གཏེར་བརྒྱད་གྲོལ་བའི་སྨོན་ལམ་ཕན་བདེའི་ས་བོན།
༄༅། །སྤོབས་པའི་གཏེར་བརྒྱད་གྲོལ་བའི་སྨོན་ལམ་ཕན་བདེའི་ས་བོན།
བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
བདག་གི་སྐྱེ་དང་ཚེ་རབས་ཏུ། །
བླ་མ་མགོན་པོ་འཇམ་དབྱངས་ཀྱིས། །
བརྩེ་བས་རྗེས་བཟུང་བྱིན་རླབས་ནས། །
རླབས་ཆེན་སྤྱོད་པ་རྒྱ་མཚོ་དང་། །
གཟུངས་དང་སྤོབས་པའི་སྒོམ་སྒྲུབ་དང་། །
བདེ་གཤེགས་རྒྱ་མཚོ་མཆོད་པར་ཤོག །
དུས་འདི་ནས་བཟུང་བྱང་ཆུབ་བར། །
མཚུངས་མེད་དགེ་བའི་བཤེས་དང་མཇལ། །
མདོ་སྔགས་བསྟན་ལ་ཐོས་བསམ་དོན། །
བརྗེད་པ་མེད་པ་དྲན་པའི་གཏེར། །
ཇི་བཞིན་རྒྱུད་ལ་སྐྱེ་བར་ཤོག །
ཟབ་དང་རྒྱ་ཆེའི་ཆོས་རྣམས་ལ། །
མ་ནོར་འགལ་དང་འབྲེལ་སྤྱོད་པའི། །
མཚུངས་མེད་སྣང་བ་བློ་གྲོས་གཏེར། །
ཇི་བཞིན་རྒྱུད་ལ་སྐྱེ་བར་ཤོག། །
མདོ་རྒྱུད་རྣམས་ནས་ལེགས་བསྟན་པའི། །
དོན་གྱི་རྣམ་པ་མ་ལུས་པ། །
ལེགས་པར་རྟོགས་པ་རྟོགས་པའི་གཏེར། །
ཇི་བཞིན་རྒྱུད་ལ་སྐྱེ་བར་ཤོག །
སྔོན་ཆད་ཐོས་དང་བསམ་པ་ཡིས། །
དོན་རྣམས་ཡིད་ལ་རབ་འདྲིས་ནས། །
བསྐྱུད་པ་མེད་པ་གཟུངས་གཏེར། །
ཇི་བཞིན་རྒྱུད་ལ་སྐྱེ་བར་ཤོག །
གདུལ་བའི་ཁམས་དབང་བསམ་པ་བཞིན། །
པོད་རྒྱན་ཇི་ལྟར་མཚམས་པ་ཡི། །
དམ་ཆོས་འདོམ་པ་སྤོབས་པའི་གཏེར། །
ཇི་བཞིན་རྒྱུད་ལ་སྐྱེ་བར་ཤོག །
དམ་ཆོས་རིན་ཆེན་མཛོད་ལྟ་བུ། །
འཆད་ཉན་སྒོམ་པ་སུན་འབྱིན་ནས། །
རིག་པས་སྲུང་བ་ཆོས་ཀྱི་གཏེར། །
ཇི་བཞིན་རྒྱུད་ལ་སྐྱེ་བར་ཤོག། །
དཀོན་མཆོག་གསུམ་གྱི་རིགས་རྒྱུན་ནི། །
མི་ཉམས་འཕེལ་ཕྱིར་སེམས་བསྐྱེད་པ། །
བླ་མེད་བྱང་ཆུབ་སེམས་ཀྱི་གཏེར། །
ཇི་བཞིན་རྒྱུད་ལ་སྐྱེ་བར་ཤོག །
ཐེག་པ་རྣམས་ལས་རིམ་བཞིན་དུ། །
ཟབ་ལས་ཆེས་ཟབ་སྐྱེ་བ་མེད། །
མཉམ་པའི་དོན་རིགས་བཟོད་པའི་གཏེར། །
ཇི་བཞིན་རྒྱུད་ལ་སྐྱེ་བར་ཤོག །
ཟབ་མོའི་སྤོབས་པ་གཏེར་བརྒྱད་ཀྱིས། །
འགྲོ་བའི་སྡུག་བསྔལ་སེལ་བ་དང། །
བདེ་བཤེགས་སྲས་བཅས་མཆོད་པ་དང། །
ཡི་དམ་ལྷ་མཆོག་མཉེས་པར་ཤོག། །
བླ་མའི་བཀའ་དྲིན་འཁོར་བ་དང། །
བདུད་ཀྱི་པུང་རྣམས་གཞོམ་པ་དང། །
རྒྱལ་སྲས་སྤྱོད་ལ་རང་བྱན་ཚུད། །
རྫོགས་སྨིན་སྦྱང་བ་མཐར་ཕྱིན་ཤོག །
རྫོགས་སངས་རྒྱས་དང་དེ་སྲས་ཀུན། །
མཇལ་བས་མཉེས་བྱས་ཆོས་ཉན་ནས། །
འགྲོ་བའི་ཕན་བདེ་བསྒྲུབ་ནས་ནི། །
བསྟན་ལ་བྱ་བ་བྱེད་པར་ཤོག །
མཐར་ཐུག་བླ་མ་འཇམ་དབྱངས་དང། །
དབྱེར་མེད་ཆེན་པོར་སངས་རྒྱས་ནས། །
གང་འདུལ་སྤྲུལ་པའི་ཕྲིན་ལས་ཀྱིས། །
མཁའ་མཉམ་འགྲོ་རྣམས་དོན་བྱེད་ཤོག །
ཚུལ་འདི་དད་པས་བསྐུལ་བའི་ངོར། །
རྨོངས་པའི་བཙུན་ཆུང་སྙོམ་ལས་ཅན། །
ལས་ཀྱི་རྡོ་རྗེས་གང་ཤར་གྱིས། །
རེ་འདོད་ཡི་གེའི་ལམ་དུ་བྱས།
དགེའོ། །
