གུ་རུ་མཚོ་སྐྱེས་རྡོ་རྗེའི་གསོལ་འདེབས།
༄༅། །གུ་རུ་མཚོ་སྐྱེས་རྡོ་རྗེའི་གསོལ་འདེབས།
མཁྱེན་ནོ་མཁྱེན་ནོ་གུ་རུ་མཚོ་སྐྱེས་རྡོ་རྗེ་མཁྱེན་ནོ། །
སྐྱབས་གནས་ཀུན་འདུས་ཀྱི་སྤྱི་གཟུགས། །
མཆོག་གསུམ་ཀུན་འདུས་ཀྱི་ངོ་བོ། །
རྩ་གསུམ་ཀུན་འདུས་ཀྱི་མངའ་བདག །
གུ་རུ་མཚོ་སྐྱེས་རྡོ་རྗེ་མཁྱེན་ནོ། །
གསང་ཆེན་རྒྱུད་སྡེ་ཡི་སྟོན་པ། །
མཁས་གྲུབ་རྒྱ་མཚོ་ཡི་གཙུག་རྒྱན། །
གནས་ཡུལ་མཁའ་འགྲོ་ཡི་རིགས་བདག །
གུ་རུ་མཚོ་སྐྱེས་རྡོ་རྗེ་མཁྱེན་ནོ། །
ཀ་དག་ཆོས་སྐུ་ཡི་སྟོན་པ། །
ལྷུན་གྲུབ་ལོངས་སྐུ་ཡི་མངའ་བདག །
ཐུགས་རྗེ་སྐུ་གསུམ་གྱི་སྟོན་པ། །
གུ་རུ་མཚོ་སྐྱེས་རྡོ་རྗེ་མཁྱེན་ནོ། །
སྤངས་རྟོགས་མཐར་ཕྱིན་གྱི་སངས་རྒྱས། །
ལུང་རྟོགས་དམ་ཆོས་ཀྱི་འབྱུང་གནས། །
འཕགས་པའི་དགེ་འདུན་གྱི་མངའ་བདག །
གུ་རུ་མཚོ་སྐྱེས་རྡོ་རྗེ་མཁྱེན་ནོ། །
ཐར་པའི་ལམ་སྟོན་གྱི་དེད་དཔོན། །
མ་རིག་མུན་སེལ་གྱི་བླ་མ། །
དག་པའི་ཞིང་ཁམས་ཀྱི་སྐྱེལ་མ། །
གུ་རུ་མཚོ་སྐྱེས་རྡོ་རྗེ་མཁྱེན་ནོ། །
སྐུ་གསུམ་བཀའ་བརྒྱུད་ཀྱི་ངོ་བོ། །
རིག་འཛིན་འདུས་པ་ཡི་གཙུག་རྒྱན། །
བཀའ་དྲིན་མཉམ་མེད་ཀྱི་བླ་མ། །
གུ་རུ་མཚོ་སྐྱེས་རྡོ་རྗེ་མཁྱེན་ནོ། །
མོས་གུས་གདུང་དབྱངས་ཀྱི་སྒྲ་ཡིས། །
ཁྱེད་ཀྱི་ཐུགས་རྗེ་དེ་བསྐུལ་ན། །
སྔོན་གྱི་ཐུགས་དམ་ལ་དགོངས་ནས། །
གནས་འདིར་རྫུ་འཕྲུལ་གྱིས་བསྐྱེད་ལ། །
མ་ཚོགས་མཁའ་འགྲོ་ཡི་འཁོར་དང༌། །
རིག་འཛིན་གྲུབ་ཐོབ་དང་བཅས་པས། །
གསོལ་འདེབས་མོས་པ་ཡི་བུ་ལ། །
བྱིན་རླབས་ཆར་ཆེན་དེ་ཕོབས་ཤོག །
སྣང་སྲིད་འོད་གསལ་དུ་འཆར་བའི། །
བྱིན་རླབས་དངོས་གྲུབ་དེ་སྩོལ་མཛོད། །
འདི་ཕྱི་བར་དོའི་དུས་ཐམས་ཅད། །
འབྲལ་མེད་ཐུགས་རྗེ་ཡིས་ཟུངས་ལ། །
བདག་གི་རིགས་བདག་དེ་མཛོད་ལ། །
མཆོག་ཐུན་དངོས་གྲུབ་རེ་སྩོལ་ཤོག །
ཅེས་པ་འདི་བླ་མ་ཨོ་ཊའི་མཚན་ཅན་གྱིས་བསྐུལ་ངོར། སྔགས་བཙུན་ལས་འབྲེལ་རྩལ་གྱིས་བྲིས་པ་དགེའོ།།
