Healing Medicine of Faith—Tibetan

Practices › Lineage Prayers | Deities › Mañjuśrī | བོད་ཀྱི་བླ་མ།མཁན་ཆེན་འཇིགས་མེད་ཕུན་ཚོགས།

English | བོད་ཡིག

མཁན་ཆེན་འཇིགས་མེད་ཕུན་ཚོགས།

འཇམ་དཔལ།

༄༅། །འཇམ་དཔལ་ཞི་སྒྲུབ་ཀྱི་བརྒྱུད་འདེབས་དད་པའི་གསོས་སྨན་བཞུགས།

 

ཆོས་དབྱིངས་མཐའ་བྲལ་ཆོས་སྐུའི་ཞིང་ཁམས་སུ། །

ཁྱད་ཆོས་དྲུག་ལྡན་གདོད་མའི་བཙན་ས་ཟིན། །

འཇམ་དཔལ་ཀུན་ཏུ་བཟང་ལ་གསོལ་བ་འདེབས། །

ཀ་དག་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །

 

རང་སྣང་རྣམ་དག་ལོངས་སྐུའི་ཞིང་ཁམས་སུ། །

ངེས་པ་ལྔ་ལྡན་རྟགས་ཀྱི་ཕྱག་རྒྱར་རྫོགས། །

འཇམ་དཔལ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །

སྣང་བཞི་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །

 

མ་ངེས་འགྲོ་འདུལ་སྤྲུལ་སྐུའི་ཞིང་ཁམས་སུ། །

གང་འདུལ་སྤྲུལ་བའི་རོལ་པ་ཅིར་ཡང་སྟོན། །

འཇམ་དཔལ་ཡེ་ཤེས་སེམས་དཔར་གསོལ་བ་འདེབས། །

བསྟན་འགྲོའི་དོན་ཆེན་འགྲུབ་པར་བྱིན་གྱིས་རློབས། །

 

གནས་ཆེན་རི་བོ་རྩེ་ལྔའི་ཞིང་ཁམས་སུ། །

འཇམ་དཔལ་ཐུགས་ཀྱི་བྱིན་རླབས་ཡིད་ལ་སྨིན། །

འཇིགས་མེད་ཕུན་ཚོགས་ཞབས་ལ་གསོལ་བ་འདེབས། །

དགོངས་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས། །

 

གཞན་ཡང་རྩ་བརྒྱུད་བླ་མ་ཡི་དམ་ལྷ། །

མཁའ་འགྲོ་དམ་ཅན་བཅས་ལ་གསོལ་བ་འདེབས། །

བྱིན་རླབས་དངོས་གྲུབ་མཆོག་ཐོབ་ཕྲིན་ལས་འགྲུབ། །

བར་ཆད་མཐའ་དག་ཞི་བར་བྱིན་གྱིས་རློབས། །

 

དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །

ཚེ་འདིར་ཆོས་སྲིད་ལེགས་ཚོགས་གོང་དུ་འཕེལ། །

ཕྱི་མ་འདྲེན་མཆོག་བླ་མའི་སྒྱུ་འཕྲུལ་དང་། །

དབྱེར་མེད་ཚོམ་བུ་གཅིག་ཏུ་འགྲུབ་པར་ཤོག །

 

ཅེས་བླ་མ་ཆོས་དབྱིངས་དང་བསོད་དོན་སོགས་ཀྱི་ཐུགས་བཞེད་བཞིན་ངག་དབང་བློ་གྲོས་མཚུངས་མེད་གྱིས་སྤྲུལ་བའི་ཞིང་མཆོག་རི་བོ་རྩེ་ལྔའི་ཡང་དབེན་ཨ་སུ་རའི་བྲག་ཕུག་ཏུ་བཀོད་པ་དགེའོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept