བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

འཇམ་དཔལ་ཞི་སྒྲུབ་བྱིན་རླབས་མྱུར་སྩོལ།

English | Português | བོད་ཡིག

༄༅། །འཇམ་དཔལ་ཞི་སྒྲུབ་བྱིན་རླབས་མྱུར་སྩོལ་བཞུགས། །

 

གཞི་དབྱིངས་ཀ་དག་གཞོན་ནུ་བུམ་པའི་སྐུ། །

གདངས་རྩལ་མ་འགགས་རང་རིག་བྱང་ཆུབ་སེམས། །

ངེས་དོན་འཇམ་དཔལ་དཔའ་བོའི་བདག་ཉིད་དུ། །

རང་ངོ་ཤེས་པའི་ངང་ནས་སྐྱབས་སུ་མཆི། །

 

གློ་བུར་འཁྲུལ་སྣང་སྒྱུ་མའི་གྲོང་ཁྱེར་ལ།

ཨ་འཐས་ཞེན་པས་ཁོར་མོར་འཕྱན་པ་རྣམས། །

ཡེ་གྲོལ་ཆོས་སྐུའི་ས་ལ་དབུགས་དབྱུང་ཕྱིར། །

མཐའ་གྲོལ་ཅོག་གཞག་ཆེན་པོར་སེམས་བསྐྱེད་དོ། །

 

འཁོར་བ་ཀུན་བཟང་མྱང་འདས་ཀུན་ཏུ་བཟང་། །

ཀུན་བཟང་ཀློང་ན་སྐྱེ་ཤི་བདེ་སྡུག་མེད། །

ཆོས་ཉིད་འགྱུར་བ་མེད་པའི་བདེན་སྟོབས་ཀྱིས། །

རང་བཞིན་མངོན་དུ་འགྱུར་བའི་བྱིན་ཕོབ་ཅིག །

 

ཀ་དག་གཏིང་གསལ་དེ་བཞིན་ཉིད་ཀྱི་ངང་། །

ལྷུན་གྲུབ་རིག་རྩལ་སྙིང་རྗེ་ཆེན་པོར་ཤར། །

དབྱེར་མེད་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཉིད། །

རྣམ་པ་རྟགས་ཀྱི་ཕྱག་རྒྱར་ཡོངས་བཞེངས་པ། །

རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཇམ་པའི་དབྱངས། །

ཞི་འཛུམ་མཚན་དཔེས་རབ་མཛེས་གཞོན་ནུའི་ཚུལ། །

མཚམས་སྤྲིན་མདངས་འཛིན་རིན་ཆེན་དར་གྱིས་བརྒྱན། །

ཕྱག་གཡས་ཤེས་རབ་རལ་གྲི་མཁའ་ལ་ཕྱར། །

གཡོན་པས་ཨུཏྤལ་སྟེང་དུ་གླེགས་བམ་བསྣམས། །

ཉ་གང་ཟླ་བས་ནོན་པའི་ཆུ་སྐྱེས་ཁར། །

འགྱིང་བག་ཚུལ་གྱིས་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །

སྐུ་ཡི་བ་སྤུའི་ཁུང་བུ་རེ་རེར་ཡང་། །

རང་བྱུང་རྒྱུད་སྡེའི་དཀྱིལ་འཁོར་བགྲང་ལས་འདས། །

སྟེང་འོག་ཕྱོགས་མཚམས་འཇའ་འོད་འབུམ་བརྡལ་ཀློང་། །

རྩ་བརྒྱུད་བླ་མ་ཌཀི་དམ་ཅན་ཚོགས། །

ཉི་ཟེར་རྡུལ་ལྟར་རང་སྣང་རྒྱན་དུ་ཤར། །

 

ཨོཾ། ཡོད་མེད་སྟོང་པ་ཤིན་ཏུ་རྣལ་འབྱོར་མཐུས། །

ནམ་མཁའ་བཞིན་དུ་དམ་ཚིག་ཉེ་བར་གནས། །

བདེ་མཆོག་བདེ་བར་གཤེགས་པ་དགོངས་སུ་གསོལ། །

འཇམ་དཔལ་གཞོན་ནུ་སྐལ་བཟང་དཔལ་ཁྱོད་བདག །

རང་བཞིན་སྤྲོས་བྲལ་ཆོས་ཉིད་ཕོ་བྲང་ནས། །

རང་བྱུང་ཐུགས་རྗེའི་བདག་ཉིད་བཅོམ་ལྡན་འདས། །

མ་རིག་ཀུན་རྟོག་མུན་པ་སེལ་བའི་ཕྱིར། །

རང་བྱུང་ཡེ་ཤེས་སྤྱན་འདྲེན་གཤེགས་སུ་གསོལ། །

 

དམ་ཚིག་པ་དང་ཡེ་ཤེས་སེམས་དཔའ་ལ། །

བཟང་ངན་རང་རྒྱུད་ཞེན་པ་གྲོལ་བའི་ཕྱིར། །

མཁྱེན་བརྩེ་ནུས་པའི་བདག་ཉིད་བཅོམ་ལྡན་འདས། །

དབྱེར་མེད་རོ་གཅིག་བརྟན་པར་བཞུགས་སུ་གསོལ། །

 

ནང་གསལ་ཀློང་ལས་ཤར་བའི་ཡེ་ཤེས་ལྷ། །

ཞལ་ཕྱག་རྒྱན་གྱི་བཀོད་པ་ཅིར་སྣང་ཡང་། །

རང་སེམས་རྣམ་པར་དག་པའི་ཆོ་འཕྲུལ་དུ། །

རང་ངོ་ཤེས་པས་བརྡ་ཡི་ཕྱག་བགྱིའོ། །

 

ཡུལ་དབང་ཤེས་པས་མཚོན་པའི་ཆོས་སོ་ཅོག །

གདོད་ནས་རྣམ་དག་མཆོད་པའི་ཕྱག་རྒྱར་རྫོགས། །

ཞེན་མེད་ཏིང་འཛིན་རྒྱལ་པོའི་འཕྲུལ་ཐབས་ཀྱིས། །

ཆོས་དབྱིངས་ཁྱོན་ཀུན་བཀང་སྟེ་རྟག་ཏུ་འབུལ། །

 

ལུང་ལས་མ་བྱུང་མན་ངག་གསང་ལམ་གྱིས། །

རྒྱུ་ལས་མ་བྱུང་འབྲས་བུའི་གཏན་སྲིད་ཟིན། །

སེམས་ལས་མ་བྱུང་གདོད་ནས་སངས་རྒྱས་མཆོག །

རིགས་ཀུན་ཁྱབ་བདག་ཁྱོད་ལ་ཕྱག་འཚལ་བསྟོད། །

 

སྣང་གྲགས་སེམས་གསུམ་ལྷ་སྔགས་ཆོས་ཉིད་ངང་། །

ལྷ་སྔགས་ཆོས་ཉིད་རིག་སྟོང་རྫོགས་པ་ཆེ། །

རིག་སྟོང་མཐའ་བྲལ་རང་ཤེས་ཟང་ཐལ་བ། །

ཡེངས་མེད་འཛིན་མེད་ངང་ནས་གསང་སྔགས་བཟླ། །

 

ཨོཾ་ཨ་ར་པ་ཙ་ན་དྷིཿ

 

ཆོས་དབྱིངས་སྐྱེ་མེད་བྷན་དྷ་ཡངས་པ་རུ། །

གཞི་སྣང་འཁོར་འདས་ཆོས་ཀུན་ཚོགས་སུ་བཤམས། །

རང་རིག་ཟག་མེད་ལྟ་བས་བྱིན་གྱིས་བརླབས། །

མཆོད་ཡུལ་ལྷ་རྣམས་མཉེས་པའི་དཔྱིད་དུ་གྱུར། །

 

དངོས་འབྱོར་བཟའ་བཅའ་བཏུང་དང་ཡོ་བྱད་ཚོགས། །

ཏིང་འཛིན་ནམ་མཁའ་མཛོད་ཀྱིས་རྒྱ་བསྐྱེད་དེ། །

མུ་མེད་ཀུན་གསལ་ཁྱོན་ཀུན་བརྡལ་བ་འདི། །

རབ་འབྱམས་རྩ་གསུམ་ལྷ་ལ་མཆོད་པ་འབུལ། །

 

ཟང་ཐལ་རིག་པའི་རང་ས་མ་ཟིན་པར། །

ང་བདག་མཚན་མར་ཞེན་པའི་གཞན་དབང་གིས། །

འདའ་དཀའ་རྡོ་རྗེའི་ཐ་ཚིག་ལས་འདས་པའི། །

ནོངས་པ་གང་མཆིས་སྙིང་ནས་མཐོལ་ཞིང་བཤགས། །

 

གཟུང་འཛིན་མཚན་མར་ཞེན་པའི་རྟོག་ཚོགས་ཀུན། །

མི་སྤང་བསྒྱུར་ལམ་དུའང་མི་བྱེད་པར། །

རང་ཡན་རིག་པའི་རལ་གྲི་རྣོན་པོ་ཡིས། །

ཆོས་ཟད་ཀ་དག་ཆེན་པོར་རྒྱས་གདབ་བོ། །

 

གཞི་ལམ་འབྲས་བུའི་ཆོས་ཚུལ་མཐའ་ཀླས་ཀུན། །

ལྷ་སྔགས་ཆོས་ཉིད་ཡེ་ཤེས་རོལ་མོ་རུ། །

མ་བྱས་ཡེ་ནས་རྫོགས་པའི་སྤྲིན་ཚོགས་འདིས། །

མཁའ་ཁྱབ་རྒྱལ་བའི་ཐུགས་དམ་གཉན་པོ་བསྐང་། །

 

བདག་ལུས་རྣམ་དག་ལྷ་ཡི་དཀྱིལ་འཁོར་ལ། །

ཟག་མེད་བདུད་རྩིའི་མཆོད་པ་འདི་ཕུལ་བས། །

སྣང་བ་བཞི་རྫོགས་འཕོ་ཆེན་འོད་སྐུར་སྨིན། །

འགྲོ་ཀུན་དཀྱིལ་འཁོར་གཅིག་ཏུ་བྱང་ཆུབ་ཤོག །

 

ལྷུན་གྲུབ་རིན་པོ་ཆེ་ཡི་སྦུབས་ཀློང་དུ། །

བཙན་ས་མ་ཟིན་རྟོག་ཚོགས་ལྷག་མགྲོན་རྣམས། །

དད་དང་སྙིང་རྗེའི་ལྷག་གཏོར་འདི་བཞེས་ལ། །

བསྟན་དང་འགྲོ་ལ་ཕན་བདེའི་དགའ་སྟོན་སྤེལ། །

 

འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །

མཁའ་ཁྱབ་འགྲོ་བའི་རྒྱུད་ལ་་ཡོངས་སྨིན་ནས། །

ཀུན་ཀྱང་ནང་གསལ་ཁྱད་ཆོས་དྲུག་དང་ལྡན། །

གཞོན་ནུ་བུམ་པ་སྐུ་རུ་བྱང་ཆུབ་ཤོག །

 

ངང་བཞག་བློ་བྲལ་ཆོས་སྐུའི་ལྟ་བ་དག །

མངོན་སུམ་ཚད་ཕེབས་ལོངས་སྐུའི་སྒོམ་པ་རྫོགས། །

དབྱིངས་རིག་དབྱེར་མེད་སྤྲུལ་སྐུའི་སྤྱོད་པ་སྨིན། །

སྐུ་གསུམ་རྩོལ་མེད་འགྲུབ་པའི་བཀྲ་ཤིས་ཤོག །

 

ཅེས་རྒྱ་ནག་རི་བོ་རྩེ་ལྔའི་ཤར་རིའི་ཡང་རྩེ་མདོ་ཕལ་བོ་ཆེ་སོགས་ནས་གསལ་བར་ལུང་བསྟན་པ་སྲེད་མེད་བུའི་ཕུག་ཞེས་དུས་རྟག་ཏུ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འཁོར་ལག་ན་རྡོ་རྗེ་སོགས་སེམས་དཔའ་ཁྲི་ཕྲག་གིས་བསྐོར་ནས་བཞུགས་པའི་བྲག་ཕུག་ཏུ་ངག་དབང་བློ་གྲོས་མཚུངས་མེད་ཀྱི་རིག་ཀློང་ནས་རྩོལ་མེད་དུ་རྡོལ་བ་ཡི་གེར་སྤེལ་བ་དགེའོ།།

 

མཁན་ཆེན་འཇིགས་མེད་ཕུན་ཚོགས།

འཇམ་དཔལ།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept