གསོལ་འདེབས་བྱིན་རླབས་འོད་སྣང་།
༄༅། །གསོལ་འདེབས་བྱིན་རླབས་འོད་སྣང་བཞུགས།
ཨེ་མ་ཧོ།
དགོངས་ཤིག་ཐུགས་རྗེ་ཆེ་མངའ་སྤྲུལ་པའི་སྐུ། །
རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་རྩལ། །
རབ་འབྱམས་སྒྱུ་འཕྲུལ་རྡོ་རྗེའི་སྤྲིན་སྤྲོ་བ། །
ལེགས་པར་སྨོན་ལ་ཐུགས་རྗེས་བྱིན་གྱིས་རློབས། །
ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་དངོས། །
ཆོས་ཀྱི་རྒྱལ་པོ་མཁན་སློབ་ཆོས་གསུམ་གྱི། །
ཐུགས་བསྐྱེད་ཟབ་མོས་གངས་ཅན་མུན་པའི་ཁྲོད། །
དམ་ཆོས་སྣང་བས་ཁྱབ་པར་མཛད་ན་ཡང༌། །
སྙིགས་མའི་དབང་གིས་ཐེག་མཆོག་སྙིང་པོའི་དོན། །
རྟོག་གེས་དཀྲུགས་ཤིང་བསྟན་པའི་མངའ་ཐང་བཅོམ། །
དམ་སྲི་འགོང་པོས་བར་ཆད་རླུང་ལྟར་འཚུབས། །
འདི་འདྲའི་དུས་སུ་རྡོ་རྗེའི་སྟོབས་བསྐྱེད་ལ། །
ཁྱེད་ཀྱི་རྗེས་འཇུག་རྗེས་འབྲངས་སློབ་བུའི་ཚོགས། །
སྲུང་སྐྱོབ་བྱིན་རླབས་བདུད་སྡེའི་གཡུལ་འཇོམས་པའི། །
དབང་མཆོག་བསྐུར་ལ་དངོས་གྲུབ་འདོད་དགུའི་རྒྱུན། །
འཛད་མེད་ཆར་དུ་སྙིལ་ཅིག་རིན་པོ་ཆེ། །
བསྟན་འཛིན་རྒྱལ་བའི་ཐེག་མཆོག་སྤྲུལ་པའི་སྐུ། །
བསྟན་པ་དམ་པ་ངེས་གསང་སྙིང་པོའི་དོན། །
སྔ་འགྱུར་རིང་ལུགས་མཆོག་གི་ཁྱད་པར་གྱི། །
ཆོས་སུ་གནས་ཀྱང་དེང་སང་སྙིགས་མའི་དུས། །
གདུག་པའི་སྦྲུལ་གྱི་ཁྲོད་ན་ནོར་བུ་བཞིན། །
མི་གསལ་མོག་པོར་གྱུར་པའི་གནས་སྐབས་འདིར། །
སྙིང་ནས་གདུང་ཤུགས་དྲག་པོས་རྩ་གསུམ་ལྷའི། །
རྡོ་རྗེའི་ཐུགས་དམ་ཉེ་བར་བསྐུལ་ལགས་ན། །
མཆོག་གསུམ་བདེན་པ་བསླུ་བ་མེད་པ་དང་། །
བརྒྱུད་གསུམ་བླ་མ་ཡི་དམ་ཌཱ་ཀིའི་ཚོགས། །
བསྟན་སྲུང་རྒྱ་མཚོའི་མཐུ་བྱིན་རྨད་བྱུང་དང་། །
ཆོས་ཉིད་འགྱུར་མེད་ཆོས་ཅན་རྟེན་འབྲེལ་མཐུས། །
སྨག་ལ་ཉི་ཟླའི་སྣང་བ་ཇི་བཞིན་དུ། །
སྙིང་པོའི་བསྟན་པའི་མངའ་ཐང་རབ་གསལ་ནས། །
མ་རུང་རྒོལ་བའི་མུན་པ་མཐར་བྱས་ཏེ། །
བདེན་དོན་ཟབ་མོའི་ཚུལ་དེ་རྒྱལ་བར་མཛོད། །
ས་གསུམ་དབང་བྱེད་སྲིད་གསུམ་བྲན་དུ་བཀོལ། །
ཕྱོགས་ལས་རྣམ་རྒྱལ་སྣང་སྲིད་ཟིལ་གནོན་པའི། །
ཨོ་རྒྱན་རིག་འཛིན་བརྒྱུད་པའི་རིང་ལུགས་མཆོག །
ཕྱོགས་དུས་ཀུན་ན་མཚུངས་མེད་རྒྱལ་གྱུར་ཅིག །
ས་བྱི་ཟླ་ ༣ ཚེས་ ༢༣ ལ་འཇམ་དཔལ་རྡོ་རྗེས་བྲིས་པ་མངྒ་ལཾ།།
