Illuminating the Path to Liberation—Tibetan

Practices › Ngöndro | བོད་ཀྱི་བླ་མ།མི་ཕམ་རིན་པོ་ཆེ།

English | Français | 中文 | བོད་ཡིག

མི་ཕམ་རིན་པོ་ཆེ།

Field of Merit

Further information:
Download this text:

༄༅། །སྔོན་འགྲོའི་ངག་འདོན་ཐར་ལམ་རབ་གསལ།

 

བླ་མ་མཁྱེན།

ལན་གསུམ།

 

དལ་འབྱོར་རྙེད་དཀའ་ཨུ་དུམ་ཝ་ར་འདྲ། །

རྙེད་ན་དོན་ཆེ་ཡིད་བཞིན་ནོར་ལས་ལྷག །

འདི་འདྲ་རྙེད་པ་ད་རིས་ཙམ་ཞིག་ལ། །

དོན་ཆེན་གཏན་གྱི་འདུན་མ་མི་སྒྲུབ་པར། །

དོན་མེད་ཆུད་ཟར་གྱུར་པ་བདག་ཅག་ལ། །

དཀོན་མཆོག་ཀུན་འདུས་བླ་མའི་ཐུགས་རྗེ་གཟིགས། །

དལ་འབྱོར་དོན་ཡོད་བྱེད་པར་བྱིན་གྱིས་རློབས། །

དམིགས་རྐང་དང་པོའོ། །

འདུས་བྱས་ཐམས་ཅད་མི་རྟག་གློག་བཞིན་གཡོ། །

སྣོད་བཅུད་གང་ལ་བསམས་ཀྱང་འཇིག་པའི་ཆོས། །

འཆི་བ་ངེས་ཤིང་ནམ་འཆི་ཆ་མེད་ཀྱང་། །

རྟག་འཛིན་སེམས་ཀྱིས་རང་མགོ་བསྐོར་ནས་སུ། །

བག་མེད་ངང་དུ་གནས་པ་བདག་ཅག་ལ། །

དཀོན་མཆོག་ཀུན་འདུས་བླ་མའི་ཐུགས་རྗེས་གཟིགས། །

མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །

དམིགས་རྐང་གཉིས་པའོ། །

དཀར་ནག་ལས་འབྲས་ནམ་ཡང་ཆུད་མི་ཟ། །

རྒྱུ་འབྲས་བསླུ་བ་མེད་པའི་ལམ་འདི་ལས། །

འཁོར་དང་མྱ་ངན་འདས་པའི་ཆོས་སུ་སྣང་། །

རང་བྱས་རང་ལ་སྨིན་པར་ངེས་ན་ཡང་། །

ཚུལ་བཞིན་འཇུག་ལྡོག་མི་ནུས་བདག་ཅག་ལ། །

དཀོན་མཆོག་ཀུན་འདུས་བླ་མའི་ཐུགས་རྗེས་གཟིགས། །

དགེ་སྡིག་བླང་དོར་བགྱིད་པར་བྱིན་གྱིས་རློབས། །

དམིགས་རྐང་གསུམ་པའོ། །

བཟོད་པར་དཀའ་བའི་སྡུག་བསྔལ་མང་དང་ལྡན། །

བདེ་བར་སྣང་བས་ཡིད་བསླུས་འགྱུར་བ་ཅན། །

ཟག་བཅས་ཕུང་པོ་མཐའ་དག་སྡུག་བསྔལ་རྒྱུ། །

ཁམས་གསུམ་འཁོར་བ་མེ་ཡི་འོབས་འདྲ་ཡང་། །

དེ་ལྟར་མི་ཤེས་ཆགས་ལྡན་བདག་ཅག་ལ། །

དཀོན་མཆོག་ཀུན་འདུས་བླ་མའི་ཐུགས་རྗེས་གཟིགས། །

ངེས་འབྱུང་བསམ་པ་སྐྱེ་བར་བྱིན་གྱིས་རློབས། །

དམིགས་རྐང་བཞི་བའོ། །

 

དེ་ནས་ཐུན་མིན་སྔོན་འགྲོའི་སྐྱབས་འགྲོ་ནི། །

མདུན་དུ་དཔག་བསམ་ཤིང་ཆེན་ཡ་ག་ལྔའི། །

དབུས་སུ་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་། །

བརྒྱུད་པའི་བླ་མ་ཡི་དམ་མཁའ་འགྲོའི་བསྐོར། །

མདུན་དུ་སྟོན་མཆོག་དུས་གསུམ་སངས་རྒྱས་རྣམས། །

གཡས་སུ་ཉེ་སྲས་ཐེག་མཆོག་འཕགས་པའི་ཚོགས། །

རྒྱབ་ཏུ་གསུང་རབ་གླེགས་བམ་རྣམ་པ་ཅན། །

གཡོན་དུ་མཆོག་བརྒྱད་ཉན་རང་དགེ་འདུན་དང་། །

མཐའ་སྐོར་ཡེ་ཤེས་ཆོས་སྐྱོང་ཚོགས་རྣམས་ཏེ། །

ཕྱོགས་བཅུ་དུས་གསུམ་སྐྱབས་ཡུལ་ཐབས་ཅད་ཀུན། །

མ་ཚང་མེད་པ་ཏིལ་གོང་ལྟར་གསལ་བའི། །

མདུན་དུ་རང་དང་མ་སོགས་ལྟོས་བཅས་དང་། །

མཁའ་ཁྱབ་སེམས་ཅན་ཀུན་གྱིས་གུས་བཏུད་དེ། །

དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །

ཡིད་ཆེས་མཆོག་གིས་སྐྱབས་སུ་འགྲོ་བར་བསམ། །

ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །

བླ་མ་ཡིད་དམ་མཁའ་འགྲོའི་ཚོགས་རྣམས་དང་། །

སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །

བདག་དང་འགྲོ་དྲུག་གུས་པས་སྐྱབས་སུ་མཆི། །

སྐྱབས་ཡུལ་དེ་ལྟ་བུའི་མདུན་དུ་སེམས་བསྐྱེད་པ་ལ་ཐོག་མར་ཚད་མེད་བཞི་ལ་བློ་སྦྱང་ནས། སེམས་ཅན་ཐམས་ཅད་བདེ་བ་དང་་་སོགས་ཅི་རིགས་བསགས། དངོས་གཞིའི་སེམས་བསྐྱེད་པ་ནི། །

ཧོ། ཇི་ལྟར་དུས་གསུམ་རྒྱལ་བ་སྲས་བཅས་ཀྱིས། །

བྱང་ཆུབ་མཆོག་ཏུ་ཐུགས་ནི་བསྐྱེད་པ་ལྟར། །

བདག་ཀྱང་མཁའ་ཁྱབ་འགྲོ་ཀུན་སྒྲལ་བྱའི་ཕྱིར། །

བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །

འདི་འབུམ་བསགས། །

རྗེས་སུ་འབྲས་བུ་སྔགས་ཀྱི་སེམས་བསྐྱེད་བསྐྱེད་ཚུལ་ཁྱད་པར་གྱི་ཚུལ་དུ། །

བདག་དང་མཐའ་ཡས་སེམས་ཅན་རྣམས། །

ཡེ་ནས་སངས་རྒྱས་ཡིན་པ་ལ། །

ཡིན་པར་ཤེས་པའི་བདག་ཉིད་དུ། །

བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །

ཞེས་ཅི་རིགས་བརྗོད་དོ། །

མཎྜལ་ལ་ཚོམ་བུ་བཀོད་ལ།

ཨོཾ་ཨཱཿཧཱུྃ།

ཆོས་དབྱིངས་མཉམ་ཉིད་ཆོས་སྐུའི་ཞིང་ཁམས་སུ། །

རང་སྣང་མ་འགགས་ལོངས་སྐུ་རིགས་ལྔའི་ཞིང་། །

མཁའ་ཁྱབ་སྤྲུལ་སྐུའི་ཞིང་གི་བཀོད་པ་རྣམས། །

ཀུན་བཟང་བདེ་ཆེན་མཆོད་པའི་སྤྲིན་དུ་འབུལ། །

ཨོྃ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ།

ཞེས་འབུལ།

རྡོ་རྗེ་སེམས་བསྒོམ་བཟླས་ནི།

ཨཱ། བདག་གི་སྤྱི་གཙུག་པད་ཟླའི་གདན་སྟེང་དུ། །

དཔལ་ལྡན་རྡོ་རྗེ་སེམས་དཔའ་ཟླ་བའི་མདོག །

རྡོ་རྗེ་དྲིལ་འཛིན་སྙེམས་མ་ཡུམ་དང་འཁྱུད། །

ལོངས་སྐུའི་ཆས་རྫོགས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །

ཐུགས་ཀར་ཟླ་སྟེང་ཧཱུྃ་ལ་ཡིག་བརྒྱས་བསྐོར། །

བདུད་རྩིའི་རྒྱུན་བབ་སྡིག་སྒྲིབ་དག་པར་གྱུར། །

སྟོབས་བཞི་ཚང་པའི་སྒོ་ནས་བདུད་རྩི་འབེབ་སྦྱོང་གི་དམིགས་པ་བཅས་ཡོག་བརྒྱ་བཟླ།

ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཾཿ ཀུ་རུ་ཧཱུྂ༔ ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ

ཐུན་མཐར།

མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །

དམ་ཚིག་ལས་ནི་འགལ་ཞིང་ཉམས། །

བླ་མ་མགོན་པོས་སྐྱབས་མཛོད་ཅིག །

གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །

ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །

འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །

བདག་དང་སེམས་ཅན་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས་སོ། །

སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ།

ཞེས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་དམ་ཚིག་ཉམས་ཆགས་ཐམས་ཅད་དག་པ་ཡིན་ནོ་ཞེས་གནང་བ་བྱིན་ནས་རང་ལ་ཐིམ་ནས་རང་དང་སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུར་གྱུར་བར་བསམ་ལ་ཡིག་དྲུག་བཟླ།

ཨོྃ་བཛྲ་ས་ཏྭ་ཧཱུྃ།

མཐར།

དགེ་བ་འདི་ཡིས་མྱུར་དུ་བདག །

རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །

འགྲོ་བ་གཅིག་ཀྱང་མ་ལུས་པ། །

དེ་ཡིས་ས་ལ་འགོད་པར་ཤོག །

བདག་དང་སེམས་ཅན་ཐམས་ཅད་ཀྱི། །

དམ་ཚིག་ཉམས་ཆགས་ཀུན་དག་ཅིང་། །

འདི་ནས་བྱང་ཆུབ་སྙིང་པོའི་བར། །

དམ་ཚིག་རྣམ་པར་དག་པར་ཤོག །

ཅེས་སོགས་སྨོན་ལམ་གདབ་པོ། །

བླ་མའི་རྣལ་འབྱོར་ནི། །

ཨེ་མ་ཧོ།

རང་སྣང་དག་པ་རབ་འབྱམས་ཞིང་ཁམས་སུ། །

རང་ལུས་རྡོ་རྗེ་རྣལ་འབྱོར་མར་གསལ་བའི། །

སྤྱི་བོ་ཆུ་སྐྱེས་འདབ་སྟོང་ཉི་ཟླས་སྟེང་། །

སྐྱབས་གནས་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང་། །

དཀར་དམར་ཞི་འཛུམ་རྡོ་རྗེ་ཐོད་བུམ་བསྣམས། །

ལོངས་སྐུའི་ཆས་རྫོགས་མཚོ་རྒྱལ་ཡུམ་དང་འཁྲིལ། །

སྐུ་ལ་རང་བྱུང་རྒྱུད་སྡེའི་དཀྱིལ་འཁོར་རྫོགས། །

རྩ་བརྒྱུད་བླ་མ་མཁའ་འགྲོ་དམ་ཅན་བཅས། །

ཏིལ་གྱི་གོང་བུ་ཕྱེ་བ་བཞིན་དུ་བཞུགས། །

རྔ་ཡབ་གླིང་ནས་དེ་འདྲའི་ཡེ་ཤེས་པ། །

ཆར་ལྟར་བབ་པ་བསྒོམ་པའི་རྟེན་ལ་ཐིམ། །

ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔

པདྨ་གེ་སར་སྡོང་པོ་ལ༔

ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔

པདྨ་འབྱུང་གནས་ཞེས་སུ་གྲགས༔

འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔

ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔

བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔

གུ་རུ་པདྨ་སིདྡྷི་ཧཱུྃ༔

ཞེས་གསུམ་མམ་བདུན་བརྗོད་པས་སྤྱན་དྲངས་ལ་བསྟིམས་ནས།

ཡན་ལག་བདུན་པ་ནི།

ཧོཿ རྡུལ་སྙེད་ལུས་བཏུད་གུས་པས་ཕྱག་འཚལ་ལོ། །

སྣང་སྲིད་གཞིར་བཞེངས་ཀུན་བཟང་མཆོད་པས་མཆོད། །

ཚེ་རབས་ནས་བསགས་སྡིག་ལྟུང་ཅི་མཆིས་བཤགས། །

འཁོར་འདས་དགེ་ཚོགས་ཀུན་ལ་རྗེས་ཡི་རངས། །

འགྲོ་ཁམས་ཇི་སྲིད་རྡོ་རྗེའི་སྐུ་བཞུགས་ནས། །

ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །

དགེ་ཚོགས་མ་ལུས་སངས་རྒྱས་ཐོབ་ཕྱིར་བསྔོ། །

གསོལ་བ་གདབ་པ་ནི།

ནུབ་ཕྱོགས་ཨོ་རྒྱན་དབང་གི་ཕོ་བྲང་དུ། །

བདེ་གཤེགས་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྟེ། །

འཛམ་བུ་གླིང་དུ་འགྲོ་བའི་དོན་ལ་བྱོན། །

རིག་འཛིན་མཁའ་འགྲོ་མང་པོའི་འཁོར་གྱིས་བསྐོར། །

པདྨ་འབྱུང་གནས་ཀྱི་ལྷ་ཚོགས་ལ་གསོལ་བ་འདེབས། །

ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །

བདག་ལ་དབང་བཀུར་བྱིན་གྱིས་བརླབས་ཏུ་གསོལ། །

ཞེས་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་ཅིང་འོད་ཟེར་བདུད་རྩིའི་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར་བྱིན་གྱིས་བརླབས་པར་བསམ། གཞན་ཡང་ཨོ་རྒྱན་ཆེན་པོ་དང་ཡི་དམ་གང་ཡང་རུང་བ་དབྱེར་མེད་ཀྱི་བླ་མའི་རྣལ་འབྱོར་ལ་དཔེར་མཚོན་ན་རྟ་མགྲིན་ལྟ་བུ་ལ་ངོ་བོ་ངོ་བོ་ཨུ་རྒྱན་ཆེན་པོ་ལ་རྣམ་པ་རྟ་མགྲིན་དུ་གསལ་གསལ་བཏབ་ལ།

དམར་ནག་གྲུ་གསུམ་དབང་གི་གཞལ་ཡས་ན༔

བདུད་ནག་ཕོ་མོ་བརྫིས་པའི་གདན་སྟེང་དུ༔

དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀ༔

པདྨ་རིགས་ཀྱི་ཁྲོ་བོ་རྣམས་ཀྱིས་བསྐོར༔

རྟ་མགྲིན་དབང་གི་ལྷ་ཚོགས་ལ་གསོལ་བ་འདེབས༔

ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔

བདག་ལ་དབང་བཀུར་བྱིན་གྱིས་བརླབས་ཏུ་གསོལ། །

ཞེས་སྦྱར་བའི་ཚིག་བདུན་པོས་གསོལ་བ་བཏབ།

དེ་བཞིན་གཤིན་རྗེ་གཤེད་ལ།

མཐིང་ནག་ཨེ་ལས་དྲག་པོའི་གཞལ་ཡས་ན༔

གཤིན་རྗེ་ཆུ་གླང་བརྫིས་པའི་གདན་སྟེང་དུ༔

འཇམ་དཔལ་ཡ་མཱནྟ་ཀ་གཤིན་རྗེའི་གཤེད༔

གཤེད་པོ་ཁྲོ་བོ་དྲེགས་པའི་འཁོར་གྱིས་བསྐོར༔

གཤིན་རྗེ་གཤེད་པོའི་ལྷ་ཚོགས་ལ་གསོལ་བ་འདེབས༔

ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔

བདག་ལ་དབང་བཀུར་བྱིན་གྱིས་བརླབས་ཏུ་གསོལ། །

ཐུན་མཐར་དབང་བཞི་ལེན་པ་ནི།

བླ་མའི་གནས་གསུམ་ཡི་གེ་འབྲུ་གསུམ་ལས། །

འོད་ཟེར་དཀར་དམར་མཐིང་གསུམ་བྱུང་ནས་སུ། །

རང་གི་གནས་གསུམ་ཐིམ་པས་བྱིན་གྱིས་བརླབས། །

སླར་ཡང་བླ་མ་འཁོར་བཅས་འོད་དུ་ཞུ། །

ཚངས་པའི་ལམ་ནས་སྙིང་གི་ཐིག་ལེར་ཐིམ། །

བླ་མའི་ཐུགས་དང་རང་སེམས་དབྱེར་མེད་པ། །

སེམས་ཉིད་གཉུག་མ་ཆོས་སྐུའི་ངང་བཞག་པས། །

སྒྲིབ་པ་བཞི་དག་དབང་བཞིའི་ཡེ་ཤེས་ཐོབ། །

ལམ་བཞི་འབྱོངས་ཤིང་སྐུ་བཞི་མངོན་གྱུར་པའི། །

བྱིན་རླབས་དབང་བསྐུར་མ་ལུས་ཐོབ་པར་གྱུར།

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།

ཅེས་བསམ་ལ་བཛྲ་གུ་རུ་ཅི་རིགས་བགྲང་མཐར།

སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །

འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང། །

ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །

རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །

ཅེས་སྨོན་ལམ་གདབ་པར་བྱའོ།

 

སྔོན་འགྲོའི་ངག་འདོན་འདི་ཉིད་མི་ཕམ་འཇམ་དཔལ་དགྱེས་པས་བསྡེམས་པ་དགེ་ལེགས་འཕེལ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept