བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

པདྨ་མཁའ་འགྲོའི་རིགས་བྱེད་རྩལ་གྱི་བསང་མཆོད་པདྨའི་དྲྭ་བ།

English | བོད་ཡིག

༄༅། །པདྨ་མཁའ་འགྲོའི་རིགས་བྱེད་རྩལ་གྱི་བསང་མཆོད་པདྨའི་དྲྭ་བ་བཞུགས་སོ།།

 

དྲི་བཟང་གི་ཤིང་དང་འོ་སྐམ་སྨན་སྣ་འབྲུ་སྣ་སོགས་གཙང་མ་མེར་བསྲེག་པ་ཆབ་ཀྱིས་བྲན་ལ།

རྃ་ཡྃ་ཁྃ། སྟོང་པའི་ངང་ལས་ལྷ་རྫས་བསང་གི་དུད་སྤྲིན་ཟག་མེད་བདེ་བ་ཆེན་པོ་འདོད་ཡོན་རྣམ་པ་ཐམས་ཅད་པར་འཆར་བའི་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཆེན་པོས་ནམ་མཁའི་ཁམས་གང་བར་གྱུར།

ཨོཾ་ཨཱཿཧཱུྃ་ཧོཿ

ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་ལ།

ཧྲཱིཿ རང་བཞིན་འོད་གསལ་དག་པའི་དབྱིངས་ཉིད་ལས། །

བདེ་ཆེན་རང་མདངས་ཡིད་འཕྲོག་ལྷ་མོའི་གཟུགས། །

ཐབས་ཤེས་ཨུཏྤལ་མདའ་གཞུའི་ཕྱག་རྒྱ་ཅན། །

རིགས་བྱེད་དབང་གི་ཊཱ་ཀི་འདིར་གཤེགས་ཤིག །

ས་གསུམ་བརྟན་པ་འཕྲོག་པའི་ཡིད་འོང་སྐུ། །

རྡུལ་བྲལ་བདེ་པའི་ལང་ཚོ་མངོན་འབར་ཞིང༌། །

སྲིད་ཞིའི་དང་བཅུད་དབང་མེད་སྡུད་པ་ཡི། །

དབང་མཛད་མཁའ་འགྲོ་བྱེ་བ་འབུམ་དང་བཅས། །

སྣང་སྟོང་སྐུའི་གར་སྟབས་ལམས་སེ་ལམ། །

དགྱེས་བཞེད་གསུང་གི་སྒྲ་དབྱངས་སྒྲོགས་བཞིན་དུ། །

མཆོད་པའི་མགྲོན་དུ་དགྱེས་པར་འདིར་གཤེགས་ལ། །

རྗེས་ཆགས་ཐུགས་ཀྱིས་དགོངས་ཤིང་བརྩེ་བར་མཛོད། །

གཙང་སྦྱར་བསང་གི་དུད་སྤྲིན་ཡིད་འོང་བ། །

རབ་དཀར་ཆུ་འཛིན་གཞོན་ནུའི་ཕུང་པོ་ལྟར། །

ལྷ་ལམ་རབ་ཏུ་ཁྱབ་པའི་ཟེར་མ་ལས། །

འདོད་ཡོན་རྒྱ་མཚོའི་རོལ་པ་ཟད་མི་ཤེས། །

རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད། །

བུམ་བཟང་དཔག་བསམ་ཤིང་དང་ནོར་བུའི་གཏེར། །

ལྷ་ཡི་སྐྱེད་ཚལ་བདུད་རྩིའི་ཆུ་བོ་སོགས། །

ལྷ་མིའི་འབྱོར་པ་མ་ཚང་མེད་པ་དང༌། །

རབ་འབྱམས་ཕྱོགས་བཅུའི་ཞིང་ན་གང་མཆིས་པའི། །

གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བདའ་བ། །

རེག་འཇམ་བདེ་མཆོག་འདོད་ཡོན་དྲུག་ལྡན་སྤྲིན། །

འཛད་མེད་ནམ་མཁའ་མཛོད་ཀྱི་འཁོར་ལོར་འདུས། །

 

སྣང་སྲིད་དབང་གི་ཕྱག་རྒྱར་སད་པ་ལས། །

རྗེས་ཆགས་དགའ་བའི་གཏེར་ལྡན་གཞོན་ནུའི་ཚོགས། །

ཐབས་ཤེས་བདེ་སྟོང་རོལ་པའི་ཟློས་གར་གྱིས། །

ཟག་མེད་བདེ་བ་སྤེལ་བའི་མཆོད་པ་འབུལ། །

 

ཐམས་ཅད་མཉམ་ཉིད་འོད་གསལ་དག་པའི་དབྱིངས། །

གདོད་ནས་བདེ་བ་ཆེན་པོའི་ངང་ཉིད་དུ། །

བདག་དང་ལྷ་དང་ཆོས་ཀུན་དབྱེར་མེད་པའི། །

རང་བྱུང་མཆོད་པ་མཆོག་གིས་མཉེས་གྱུར་ཅིག །

 

རྒྱལ་ཀུན་ཕྲིན་ལས་རིགས་བྱེད་དབང་མོ་ཡི། །

ཞབས་པད་གཙུག་གིས་བརྟེན་པའི་རྣལ་འབྱོར་བདག །

བྱང་ཆུབ་བར་དུ་འབྲལ་མེད་རྗེས་བཟུང་ནས། །

རྣམ་གཉིས་དངོས་གྲུབ་འདོད་དགུའི་གྲུ་ཆར་ཕོབ། །

 

ཐབས་ཤེས་ཨུཏྤལ་མདའ་གཞུའི་སྲིད་གསུམ་གྱི། །

ཡིད་སྣང་བརྟན་པ་དབང་མེད་ཕྲོགས་མཛད་དེ། །

མི་དང་མི་མིན་སྐྱེ་དགུའི་ཚོགས་ཆེན་པོ། །

རྣལ་འབྱོར་མཐུན་པའི་བྲན་དུ་གནང་བར་མཛོད། །

 

མ་དག་རླུང་སེམས་གཡོ་བའི་ཆོ་འཕྲུལ་ཀུན། །

བདེ་སྟོང་དྷུ་ཏིའི་དབྱིངས་སུ་དབང་བྱས་ནས། །

འཕོ་མེད་བདེ་བ་ལྷན་སྐྱེས་ཊཱ་ཀཱི་ནིའི། །

གོ་འཕང་ཚེ་འདིར་འགྲུབ་པར་མཛད་དུ་གསོལ། །

 

དཔལ་དང་འབྱོར་པ་སྙན་དང་གྲགས་པ་དང༌། །

མཐུ་དང་ནུས་པ་བདེ་དང་སྐྱིད་པའི་དཔལ། །

ཡར་ངོའི་ཟླ་དང་དབྱར་གྱི་ཆུ་བོ་ལྟར། །

འཕེལ་རྒྱས་བརྟན་པའི་ཕྲིན་ལས་མཛད་དུ་གསོལ། །

 

མདོར་ན་ཡིད་ལ་གང་འདོད་དཔལ་ཐོབ་ཅིང༌། །

མཆོག་ཐུན་དངོས་གྲུབ་རྒྱ་མཚོའི་དབང་གིས་ཕྱུག །

བསྟན་དང་འགྲོ་ལ་ཕན་པའི་མཐུ་ལྡན་པས། །

རང་གཞན་དོན་གཉིས་འགྲུབ་པར་མཛད་དུ་གསོལ།།

 

ཞེས་པའང་དགེ་སྦྱོང་ཚེ་རིག་འཛིན་པ་ཨ་ཚང་གིས་བསྐུལ་ངོར་སྨིན་ཟླའི་དམར་ཕྱོགས་རྒྱལ་བ་གསུམ་པར་ཁྲ་འགུའི་རི་ཁྲོད་དུ་མི་ཕམ་པས་བྲིས་པ་དགེ་ལེགས་འཕེལ། །

 

མི་ཕམ་རིན་པོ་ཆེ།

རིག་བྱེད་མ།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept