བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

བོད་ཡུལ་གྲུབ་ཆེན་བརྒྱད་ཀྱི་གསོལ་འདེབས་བྱིན་རླབས་སྤྲིན་ཆེན།

English | བོད་ཡིག

༄༅། །བོད་ཡུལ་གྲུབ་ཆེན་བརྒྱད་ཀྱི་གསོལ་འདེབས་བྱིན་རླབས་སྤྲིན་ཆེན་བཞུགས་སོ། །

 

མི་འགྱུར་བདེ་བ་ཆེན་པོའི་མཁའ་དབྱིངས་ལས། །

རྣམ་ཀུན་ཡོངས་རྫོགས་སྒྱུ་འཕྲུལ་དྲྭ་བའི་སྤྲིན། །

མཁའ་ཁྱབ་གདུལ་བྱར་འདོད་དགུའི་ཆར་འབེབས་པ། །

རིག་འཛིན་བླ་མའི་ཚོགས་ལ་གསོལ་བ་འདེབས། །

 

བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ། །

གསང་སྔགས་སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ཆེར། །

ལས་ཅན་རྒྱལ་པོ་རྗེ་འབངས་སྨིན་མཛད་པ། །

ཨོ་རྒྱན་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས། །

 

བོད་ཡུལ་སྒྲུབ་གནས་སྒྲགས་ཀྱི་ཡང་རྫོང་དུ། །

འཇམ་དཔལ་གཤིན་རྗེ་གཤེད་པོ་མངོན་གྲུབ་ནས། །

འགལ་བྱེད་ཆམ་ཕབ་བྲག་ལ་ཕུར་བ་བཏབ། །

སངས་རྒྱས་ཡེ་ཤེས་ཞབས་ལ་གསོལ་བ་འདེབས། །

 

གནས་མཆོག་མཆིམས་ཕུ་དཔལ་གྱི་དབེན་རྩ་རུ། །

པདྨ་གསུང་གི་ལྷ་ཚོགས་རབ་གྲུབ་ཏེ། །

སྲིད་གསུམ་དབང་བྱེད་རྟ་སྐད་གཙུགས་ནས་བསྒྲགས། །

རྒྱལ་བ་མཆོག་དབྱངས་ཞབས་ལ་གསོལ་བ་འདེབས། །

 

ལྷོ་བྲག་མཁར་ཆུ་དཔལ་གྱི་ཡང་ཕུག་ཏུ། །

ཡང་དག་ཐུགས་ཀྱི་གྲུབ་པ་མངོན་དུ་གྱུར། །

དགོངས་པའི་རྩལ་རྫོགས་ཉི་མའི་ཟེར་ལ་ཆིབས། །

ནམ་མཁའི་སྙིང་པོའི་ཞབས་ལ་གསོལ་བ་འདེབས། །

 

རིགས་གསུམ་དཔལ་གྱི་བསམ་ཡས་དབུ་རྩེ་རུ། །

ཆེ་མཆོག་ཡོན་ཏན་དགོངས་པ་མངོན་གྱུར་ནས། །

ཏིང་འཛིན་གཡོ་མེད་བོད་ཡུལ་ཆོས་ལ་བཀོད། །

མངའ་བདག་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །

 

མོན་ཁ་ནེའུ་རིང་སེང་གེ་རྫོང་གསུམ་དུ། །

ཕུར་པ་ཕྲིན་ལས་ལྷ་ཚོགས་མངོན་དུ་གྲུབ། །

རྫུ་འཕྲུལ་སྐུ་བརྙེས་ཤི་བའི་མི་རོ་བསླང་། །

ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །

 

ཡར་སྟོད་ཤམ་པོ་གངས་ཀྱི་ར་བ་རུ། །

རྦོད་གཏོང་མ་མོའི་ལྷ་ཚོགས་ཞལ་གཟིགས་ནས། །

སྣང་སྲིད་མ་མོ་དབང་སྡུད་ལས་ལ་ཁོལ། །

དཔལ་གྱི་ཡེ་ཤེས་ཞབས་ལ་གསོལ་བ་འདེབས། །

 

སྤ་གྲོ་སྟག་ཚང་བསམ་འགྲུབ་ཀེའུ་ཚང་དུ། །

འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་ལེགས་གྲུབ་ཏེ། །

ལྷ་སྲིན་དྲེགས་པ་བྲན་ཁོལ་ལས་བཞི་བསྒྲུབ། །

དཔལ་གྱི་སེང་གེའི་ཞབས་ལ་གསོལ་བ་འདེབས། །

 

གཡའ་མ་ལུང་དང་ལི་ཡུལ་ལྕང་ར་རུ། །

དྲག་སྔགས་དམོད་པའི་ལྷ་ཚོགས་རབ་གྲུབ་པས། །

མཐུ་སྟོབས་མེ་འབར་ཡེ་ཤེས་སྤྱན་དང་ལྡན། །

བཻ་རོ་ཙཱ་ནའི་ཞབས་ལ་གསོལ་བ་འདེབས། །

 

དེ་ལྟར་གསོལ་བ་བཏབ་པས་དུས་གསུམ་གྱི། །

རིག་འཛིན་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །

མཆོག་དང་ཐུན་མོང་དངོས་གྲུབ་ཀུན་ཐོབ་ནས། །

བསྟན་དང་འགྲོ་བའི་དོན་ཆེན་འགྲུབ་པར་ཤོག །

 

ཅེས་པ་འདི་ཡང་ལྷོ་ཕྱོགས་དཀར་མོ་སྟག་ཚང་དུ་གྲགས་པའི་སྒྲུབ་གནས་ཀྱི་ཡང་དབེན་བཀྲ་ཤིས་དཔལ་འབར་པདྨ་བདེ་ལྡན་གླིང་ཞེས་བྱ་བར་མི་ཕམ་རྣམ་པར་རྒྱལ་བ་རང་ཉིད་སྒྲུབ་ཆེན་བཀའ་བརྒྱད་ཀྱི་བསྙེན་སྒྲུབ་ལ་གནས་པའི་ཚེ་རྣམ་རྒྱལ་ཆུ་སྦྲུལ་གྱི་གནམ་ལོ་གསར་ཚེས་ཆོ་འཕྲུལ་ཟླ་བའི་ཚེས་ཉེར་གཅིག་ལ་སྦྱར་བ་དགེ་ལེགས་འཕེལ། །མངྒ་ལཾ།།

 

མི་ཕམ་རིན་པོ་ཆེ།

Guru Padmasambhava

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept