Profound Śamatha Instruction—Tibetan

Practices › Meditation | Literary Genres › Advice | བོད་ཀྱི་བླ་མ།མི་ཕམ་རིན་པོ་ཆེ།

English | Deutsch | Português | 中文 | བོད་ཡིག

མི་ཕམ་རིན་པོ་ཆེ།

Ju Mipham Namgyal Gyatso

Further information:
Download this text:

༄༅། །ཞི་གནས་ཀྱི་གདམས་པ་ཟབ་མོ།

འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །

སེམས་ལ་དམིགས་ན་ཞི་གནས་འགྲུབ། །
རིམ་གྱིས་གནས་ལུགས་ལྷག་མཐོང་སྐྱེ། །
དེ་ལ་རང་སྙིང་སྟོང་པའི་ངང་། །
གསལ་ལེ་སང་ངེ་བ་ལེ་ནི། །
ཤེས་པ་ནང་དུ་བཀུག་ནས་བཞག །
སེམས་ཀྱིས་སེམས་ལ་དམིགས་ཞེས་བྱ། །
སེམས་ལ་དམིགས་ན་སེམས་ནི་འདི། །
ཞེས་པའི་གཏད་སོ་མི་དམིགས་ཀྱང་། །
སེམས་ཞིག་ཡོད་ན་ལུས་ཀྱི་ནང་། །
སྙིང་དབུས་མིན་པ་གར་ཡང་མེད། །
མི་དྲན་དགུ་དྲན་འགྱུ་རྟོག་གི། །
བྱུང་ཁུང་དེ་རུ་བལྟ་བཞིན་གནས། །
སེམས་བཙལ་མི་བྱ་ལྷན་ནེར་བཞག །
བཞག་ས་ཡོད་མེད་བྱ་མི་དགོས། །
བཞག་རྒྱུའི་སེམས་ཡོད་དེ་གས་ཆོག །
ཁོང་ནང་སེམས་དེ་ཉལ་མལ་དུ། །
ན་ནོར་ཞོག་དང་དེ་ག་རང་། །
བཞག་ཐབས་ཡིན་གྱི་གཞན་མི་དགོས། །
ཆུ་ལ་ཉི་འོད་ཕོག་པ་ཡི། །
ཟེར་མ་ལྷམ་ལྷམ་གཡོ་བ་ལྟར། །
སེམས་རྟོག་འགྱུ་བ་མྱུར་མྱུར་པོ། །
ཐད་ཀར་བཀག་པས་མི་ཁེགས་ཏེ། །
ཆུ་དེ་མ་བསྒུལ་རང་བཞག་ན། །
ཟེར་སྣང་དེ་ཡང་ལྷན་ནེར་ལྷོད། །
དེ་བཞིན་འགྱུ་བ་ཀྱང་མེད་པོའི། །
འབྱུང་ཁུངས་ཤེས་པ་ལྷན་ནེར་ཞོག །
དེ་ངང་མ་བརྗེད་དྲན་པའི་རྒྱུན། །
བར་མེད་ལུ་གུ་རྒྱུད་དུ་བརྟེན། །
སྟོང་སང་འདྲ་ཡང་དེ་གར་ཞོག །
གསལ་གསལ་འདྲ་ཡང་དེ་གར་ཞོག །
འགྱུ་འགྱུ་འདྲ་ཡང་དེ་གར་སྡོད། །
ཙེན་ནེ་ཀ་རེ་རྗེན་ནེ་བ། །
ཅི་འདྲ་བྱུང་ཡང་དེ་གར་ཞོག །
སྟོང་ངོ་གསལ་ལོ་འགྱུའོ་ཞེས། །
ཤེས་ཀྱང་དེ་གའི་རྗེས་དེད་སྤོང་། །
ཤེས་པ་རང་མལ་རང་སོར་ཞོག །
དེ་ལ་གོམས་འདྲིས་ཡུན་རིང་བྱ། །
འདྲ་དཔྱད་རྟོག་ཆེན་རང་སར་བསྐྱུར། །
རེས་འགའ་མི་འགྱུ་རྨུགས་པ་ན། །
བྱིང་བ་གསེང་ལ་རང་གར་ཞོག །
རེས་འགའ་འགྱུ་དྲན་དྲག་སྐྱེ་ན། །
འགྱུ་འགྱུ་པོ་དེ་སེམས་ཡིན་པས། །
དེ་ཡི་སྟེང་དུ་ལྟོས་ལ་ཞོག །
འགྱུ་རྗེས་མ་མཐུད་རང་ས་ཟུང་། །
དེ་ནས་འགྱུ་བ་རང་འགག་འགྱུར། །
འགྱུས་དང་མ་འགྱུས་ཐམས་ཅད་ཀུན། །
ཚོར་ཙམ་བྱུང་ཡང་སེམས་ཀྱི་སྟོང་། །
སེམས་ནི་རང་བཞག་ཅེས་བྱའོ། །
སེམས་དེ་སྙིང་དབུས་མལ་བཞག་གམ། །
རང་སེམས་རང་བབ་ལྷོད་དེ་ནི། །
འགྱུ་དྲན་འཇུར་མདུད་རང་ཁྲོལ་བཞག །
རྣམ་རྟོག་འགྱུ་བ་ཟད་མེད་པོ། །
རང་གར་ཡར་བའི་དུས་མེད་ལ། །
ཇི་ཙམ་འགྱུས་ཀྱང་འབྲས་བུ་མེད། །
ངན་རྟོག་སྡུག་བསྔལ་ཟད་མི་ཤེས། །
དེ་བས་འདི་ཡི་མཚངས་རིག་ནས། །
ཐོག་མེད་དུས་ནས་འདི་དབང་སོང་། །
དེ་ཕྱིར་ཡོན་ཏན་ཅང་མ་ཐོབ། །
ད་ནི་འདི་ལ་ཞེན་ལོག་ནས། །
ཅི་ནས་སེམས་གནས་བསྒྲུབ་བྱས་ན། །
ཏིང་འཛིན་མངོན་ཤེས་ལ་སོགས་པའི། །
ཡོན་ཏན་རྣམ་མང་ཐོབ་འགྱུར་ཞིང་། །
རྣལ་གནས་རང་དབང་བདེ་མཆོག་རྙེད། །
དེ་ལྟར་སྐྱོན་ཡོན་ཤེས་པའི་བློའི། །
ཅི་ནས་སེམས་ལ་དབང་བསྒྱུར་ནས། །
ཇི་སྲིད་ཞི་གནས་མ་ཐོབ་བར། །
བརྩོན་པ་ལྷོད་པ་མེད་པར་བྱ། །
དེ་ལྟར་ཡང་ཡང་གོམས་པ་ལས། །
སྙིང་དབུས་རླུང་འདུ་དབུ་མར་འཇུག །
རྣམ་རྟོག་མགོ་རྒོད་ཇེ་ཞི་དང་། །
རང་སེམས་ལས་རུང་ཇེ་བཟང་འགྱུར། །
བླ་མའི་ངོ་སྤྲོད་གཞན་མེད་ཀྱང་། །
མན་ངག་གནད་ཀྱི་བཞག་ཐབས་འདི། །
སེམས་གནས་སླ་ལ་རླུང་གེགས་མེད། །
སེམས་ལ་དམིགས་པ་འདི་ལྟ་བུས། །
ནང་དུ་ཡང་དག་བཞག་པ་ན། །
ཏིང་འཛིན་ལས་སུ་རུང་བ་ནི། །
དཀའ་ཚེགས་མེད་པར་མྱུར་དུ་རྙེད། །
སྙིང་གའི་ཕྲ་ཐིག་འདིར་མི་དགོས། །
ཁ་དོག་ཡི་གེ་རླུང་འཛིན་མེད། །
རང་སེམས་ཡོད་པ་དེ་ཉིད་ལ། །
ལྟ་བཞིན་དྲན་རྒྱུན་བསྐྱང་བ་ཡིན། །
འདི་བས་ཟབ་པའི་ཞི་གནས་ཀྱི། །
གདམས་པ་བྱ་སླ་དོན་ཆེ་མེད། །
དང་བོར་སེམས་གནས་གྱུར་ནས་ནི། །
སེམས་ཀྱིས་སེམས་ལ་བལྟས་པ་ན། །
ནམ་མཁར་བལྟས་ཤིང་བལྟས་པ་ན། །
མཐོང་བའི་དངོས་པོར་མི་དམིགས་ལྟར། །
ལྟ་ངན་ཀུན་ལས་རང་གྲོལ་ནས། །
སྟོང་གསལ་ཟུང་འཇུག་སེམས་ཀྱི་གསང་། །
ཆོས་ཉིད་གནད་ལ་འཆར་བ་ཡིན། །
དེ་ནས་རིག་སྟོང་གཉུག་མ་ཆེ། །
ལྷན་སྐྱེས་ཡེ་ཤེས་རང་བྱུང་བ། །
འོད་གསལ་རྫོགས་པ་ཆེན་པོའི་དོན། །
བརྒྱུད་པའི་བྱིན་རླབས་ལས་མཐོང་འགྱུར། །

མེ་རྟ་ཟླ་༢ཚེས་༦གུང་ཐུན་ལ་མི་ཕམ་པས་བྲིས་པ་དགེ།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept