བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

གྲོགས་དང་གཏམ་གླེང་བའི་རྐྱེན་ལས་མཚར་གཏམ་དུ་བྱས་པ།

English | Français | བོད་ཡིག

༄༅། །གྲོགས་དང་གཏམ་གླེང་བའི་རྐྱེན་ལས་མཚར་གཏམ་དུ་བྱས་པ། །

༄༅། །ན་མོ་མཉྫུ་ཤྲཱི་ཡེ། རྒྱལ་བ་ཉིད་ཀྱི་ཕྲིན་ལས་དང༌། །རྒྱལ་སྲས་རྣམས་ཀྱི་ཐབས་མཁས་ལས། །རྒྱལ་བསྟན་གསར་རྙིང་ཐ་སྙད་བཞིའི། །རྒྱལ་ཐབས་ལེགས་མཛད་ཆེ་རྣམས་རྒྱལ། །དེ་ལ་མདོ་ཡི་བཀའ་བབ་དགེ་ལྡན་པ། །སྔགས་ཀྱི་བཀའ་བབ་རྙིང་མ་བ། །བཤད་པའི་བཀའ་བབ་ས་སྐྱ་བ། །བསྒྲུབ་པའི་བཀའ་བབ་བཀའ་བརྒྱུད་པ། །མཁྱེན་པའི་དབང་ཕྱུག་ས་སྐྱ་བ། །སྨྲ་བའི་དབང་ཕྱུག་དགེ་ལྡན་པ། །རྟོགས་པའི་དབང་ཕྱུག་བཀའ་བརྒྱུད་པ། །ནུས་པའི་དབང་ཕྱུག་རྙིང་མ་པ། །ངོ་མཚར་ཆེའོ་བཀའ་བབ་བཞི། །ལྟ་བ་མཐའ་བྲལ་རྙིང་མ་བ། །སྒོམ་པ་ནན་ཏན་བཀའ་བརྒྱུད་པ། །སྤྱོད་པ་ཕུན་ཚོགས་དགེ་ལྡན་པ། །བསྙེན་སྒྲུབ་ཆོས་སྤྱོད་ས་སྐྱ་པ། །ཀུན་ལའང་ཐམས་ཅད་ཚང་མོད་ཀྱི། །རང་རང་བརྟུལ་ཞུགས་རྩལ་དུ་འདོན། །རྙིང་མའི་འདོན་པ་སྣ་ནས་འདོན། །ས་སྐྱ་བ་རྣམས་མཆུ་ནས་བསྒྲགས། །དགེ་ལྡན་མགྲིན་པའི་སྒྲ་གདངས་གཙོ། །བཀའ་བརྒྱུད་གྲེ་ཕུག་བསྒྲིམས་ནས་འདོན། །དགེ་ལྡན་པ་རྣམས་གཞུང་ལམ་རྫོགས་པའི་བསྟན་པའི་ལུས་དང་འདྲ། །ས་སྐྱ་བ་རྣམས་མདོ་སྔགས་ཟུང་དུ་འབྲེལ་བས་བསྟན་པའི་མིག་དང་འདྲ། །བཀའ་བརྒྱུད་པ་མོས་གུས་ཉམས་ལེན་ལ་ཚིག་དྲིལ་ཕྱེད་པའི་བསྟན་པའི་སྙིང་དང་འདྲ། །རྙིང་མ་པ་རྒྱུད་སྡེ་དང་སྒྲུབ་སྡེའི་ཟབ་གནད་ཡོད་པས་བསྟན་པའི་སྲོག་དང་འདྲ། །བཞད་གད་ཀྱི་གཏམ་བྱས་ན། རྙིང་མ་པ་འོད་གསལ་རྫོགས་པ་ཆེན་པོ་ཕྱིའི་ལས་རྒྱ་སོགས་ལ་མི་ལྟོས་པར་རྡོ་རྗེ་འཆང་སྒྲུབ་པའི་ལམ་ཡོད་པར་ཁས་ལེན་བཞིན། བླ་མ་སྐུ་ཚེ་རིང་པ་དང༌། སྤྱན་གསལ་བ། བསྙུན་མེད་པ། གཏེར་སྟོན་གྱི་འགྲོ་ཕན། བསྟན་པ་སེམས་ཅན་གྱི་དོན་འགྲུབ་ཆེད། བླ་མ་རྣམས་ཀྱིས་བུད་མེད་བརྟེན་དགོས་ཟེར། བསྟན་དོན་དུ་བཤད་སྒྲུབ་བྱེད་དགོས་ནི་མི་ཟེར། བསྟན་འགྲོའི་དོན་སྒྲུབ་པ་དང༌། བཤད་སྒྲུབ་ཀྱི་གོ་དེས་ཆོད་པ་དང༌། སྤྱན་གསལ་བ་སོགས་ཀྱི་རྒྱུ་དེ་ཡིན་པ་ངོ་མཚར་ཆེ་སྙམ། དགེ་ལྡན་པ་སྲིད་པའི་སྡུག་བསྔལ་ཀུན་གྱི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཡིན་པར་འདོད་བཞིན་བདག་མེད་རྟོགས་ལ་ཁད་ཀྱི་དུས་བདག་ཆད་དུ་དོགས་པས་འཇིགས་སྐྲག་སྟན་གྱི་སྟེང་དུ་སྡོད་མི་ཚུགས་པ་ཞིག་འོང་ཟེར། སྔར་ནི་མཐོང་ལམ་ཐོབ་དུས་དང༌། དེའི་སྔར་བདག་མེད་ལ་གསལ་སྣང་སྐྱེ་བར་ཕྱོགས་ཚེ་དགའ་བ་ཁྱད་པར་ཅན་རེ་སྐྱེ་བའི་ཚོད་རེད། ད་ལྟ་དུས་ངན་པས་ཡིན་ནམ་མཚར་སྙམ། ས་སྐྱ་བ་རྣམས་ཀུན་སྤྱོད་ལ་མི་ལྟོས་པར་ནང་གི་ཡེ་ཤེས་གཙོ་བོར་འདོད་པའི་བླ་མེད་ཁས་ལེན་བཞིན། ལམ་དུས་ཁོ་ན་འདོན་སྐབས་སྟན་ལས་ལྡང་ན་དམ་ལས་འདས་པས་མི་ལྡངས་པའི་བརྟུལ་ཞུགས་འཛིན་ཅིང་ཆེད་དུ་ལངས་དགོས་ན་སྟན་དང་མ་བྲལ་བ་ཙམ་དུ་རྒུར་རྒུར་དང་གོག་གོག་བྱེད་སྣང༌། དེ་འདྲ་དུས་དང་ལུས་ཀྱི་འདག་གྲོལ་འགའ་ཞིག་ཡོད། གལ་ཏེ་ཡར་བཞེངས་ན་ཅིར་འགྱུར་སྙམ། བཀའ་བརྒྱུད་པ་ཕྱག་རྒྱ་ཆེན་པོ་འཁོར་འདས་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་འདོད་བཞིན་ཕྱག་རྒྱའི་སྒྲ་རྐང་ལག་གི་ཟླས་ཕྱེས་པའི་ལག་པ་ལ་སྒྲ་བཤད་མཛད། དེ་འདྲའི་ལག་པ་ཆེན་པོ་དེ་ཅི་འདྲ་ཞིག་ཡོད། གཅིག་མཐོང་ན་ཡ་མཚན་སྙམ། ཨ་ཧི། དེ་དག་རྩེད་མོ་ཡིན། དམ་པ་རྣམས་ཀྱི་གསུངས་ལ་དོན་ཆེན་པོ། གསར་རྙིང་སོ་སོའི་དགོངས་པ་ལ་གནད་རེ་ཡོད་པར་འདུག །ཡང་རྙིང་མ་ཕལ་ཆེར་ནི། སྲོག་གཅོད་ལ་འཛེམ་པ་ཡོད་ཀྱང༌། བུད་མེད་ནི་ལར་སྤང་བྱ་མིན་པར་རློམས། སྔགས་པ་མཚན་ཉིད་པ་རྣམས་ནི་སྐྱབས་སུ་མཆིའོ། །སྤྱིར་ནི་འདོད་ཆགས་འདིས་རྙིང་བསྟན་ལ་འཚེ་བས་གཟབ་འཚལ། བཀའ་བརྒྱུད་པ་ཕལ་ཆེར་བཤད་པ་དང་ཚད་མ་ལ་སྡང༌། སེམས་རྐྱང་ཆིག་དེད་ལ་དགའ། རྟོགས་གྲོལ་དུས་མཉམ་རྣམས་ནི་སྐྱབས་སུ་མཆི། སྤྱིར་ནི་གཏི་མུག་འདི་བཀའ་བསྟན་ལ་འཚེ་བས་སྤང༌། དགེ་ལྡན་པ་ཕལ་ཆེར་ཆང་ནག་སོགས་འཛེམ་པས་བསྟན་པའི་མིག་ལྟོས་ལེགས་ཀྱང༌། ཕལ་ཆེར་གསོད་གཅོད་ལྷུར་ལེན་པ་ལ་སྐྱོན་དུ་མི་ལྟ་བས། ཞེ་སྡང་འདི་དགྲ་ཆེ་བས་གཟབ་འཚལ། ས་སྐྱ་པ་ཕལ་ཆེ་དབང་ཁྲིད་ཐོབ་ཙམ་དང་ས་ངོར་སོགས་རང་ལུགས་བྱེ་བྲག་པ་རེ་ལ་མཆོག་འཛིན་ཆེ་བས། ཆོག་འཛིན་དང་མཆོག་འཛིན་འདི་དགྲ་རུ་ཆེ་བས་སྤང་འཚལ། བསྟན་པ་སྤྱི་ལ་རང་ཕྱོགས་ལ་ཞེན་པ་ཡོད་ཀྱང༌། གཞན་ཕྱོགས་ལ་སྡང་བ་མེད་པ་ཞིག་གལ་ཆེ་སྟེ། དེ་ཡང་རང་ཕྱོགས་ལ་བསམས་ན། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཁོ་ནའི་རྗེས་འཇུག་ཡིན་པས་གཅིག་ལ་གཅིག་སྙིང་ཉེ་བའི་འདུ་ཤེས་དང༌། བསྟན་པའི་གྲུབ་མཐའ་ཡང་མཁན་སློབ་ཆོས་གསུམ་གྱི་དུས་ནས་བརྩམས། སྔོན་གྱི་ཕྱག་རྗེས་བཟང་པོ་ལས། བོད་འདིར་ནི་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པར་མཚུངས་པ་ཙམ་དུ་མ་ཟད། སྟོང་ཉིད་སྤྲོས་བྲལ་ཆེན་པོར་ཁས་ལེན་པ་དང༌། དེར་མ་ཟད་བདེ་སྟོང་ཟུང་འཇུག་སྔགས་ཀྱི་ཐེག་པར་ཁས་འཆེ་བ་ཤ་སྟག་ཡིན་པས། དོན་དུ་ལྟ་གྲུབ་མཚུངས་པས་ཆེས་ཉེ་བ་དང༌། གཞན་ཕྱོགས་ལ་བསམས་ན། ཕྱི་རོལ་དང་ཀླ་ཀློ་རྟགས་དང་ཆ་ལུགས་ཙམ་ཡང་མི་མཐུན་པ་མཚན་སྐར་ལྟ་བུའི་ནང་ན། རང་རེ་ནང་པ་ཉིན་སྐར་ལྟ་བུའི་ཉུང་ཤེས་འདི་ཡང༌། བསྟན་པ་རྫོགས་ལ་ཁད་པའི་ལྷག་ཞབས་སུ། །བསྟན་པའི་གནས་ལ་དོན་མཐུན་དུ་ཞུགས་པ་རྣམས། །ཆེས་ཤིན་ཏུ་ཉེ་བའི་འདུ་ཤེས་བསྐྱེད་དགོས་ཏེ། ཕན་ཚུན་སྡང་བ་ནི་ཕུང་དཀྲོལ་ཆེ་བས། གཅིག་ལ་གཅིག །མས་བུ་མཐོང་བ་དང༌། དབུལ་པོས་གཏེར་མཐོང་བ་ལྟར་དགའ་བའི་འདུ་ཤེས་བསྐྱེད་པར་བྱའོ། །སྟོན་པ་གཅིག་གི་རྗེས་ཞུགས་ནས། །བསྟན་པ་གཅིག་ལ་སློབ་པ་ཀུན། །ཞེན་ལྟའི་སྡང་མིག་སྤངས་བྱས་ནས། །དགའ་བའི་འཛུམ་གྱིས་འགྲོགས་གྱུར་ཅིག །བསྟན་ལས་ཕྱི་རོལ་གྱུར་པའི་ཆ། །རང་གཞན་སུ་ལ་སྣང་ཡང་སྤོངས། །བསྟན་པའི་དོན་དང་མཐུན་པའི་ཆ། །རང་གཞན་སུ་ལ་ཡོད་ཀྱང་སྒྲུབས། །དེ་མཐུས་གངས་རིའི་ཁྲོད་འདི་རུ། །སྒྲུབ་བརྒྱུད་རྒྱལ་ཐབས་ཆེན་པོ་བཞི། །ཆོས་ཀྱི་འབྱོར་པས་མཛེས་འབར་ཞིང༌། །ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག །ཅེས་ས་རྙིང་བཀའ་དགེ་བཞིའི་ཡིན་པ་ཡོད་པའི་མ་ཏིས། །གྲོགས་ཀྱི་ངོར་རྩེད་མོར་བྲིས། མངྒ་ལཾ།།

མི་ཕམ་རིན་པོ་ཆེ།

Ju Mipham Namgyal Gyatso

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept