སྐལ་བཟང་འདུས་སྡེ་རྒྱ་མཚོའི་བཞེད་སྐོང་དུ་བྲིས་པ།
༄༅། །སྐལ་བཟང་འདུས་སྡེ་རྒྱ་མཚོའི་བཞེད་སྐོང་དུ་བྲིས་པ།
ཨ་ཧོ༔
རང་རིག་མ་བཅོས་ཁྱབ་བརྡལ༔
འོད་གསལ་སྣང་བ་ཡེ་ཤེས༔
སྤྲོས་པའི་མཐའ་བརྒྱད་བྲལ་བ༔
གནས་ལུགས་ངང་དུ་སྐྱོང་མཛོད༔
ཧ་ཧ༔
ཨེ་མ་ཧོ༔
གཞི་དབྱིངས་རྣམ་དག་འོད་གསལ་ཕོ་བྲང་ནས༔
གཞི་སྣང་མ་འགགས་ལྷུན་གྲུབ་བཀོད་པའི་ངོམ༔
གཞི་རྩ་ལ་རིག་སྟོང་པདྨ་ཐོད་ཕྲེང་རྩལ༔
གཞི་ཀློང་མི་འགྱུར་མཚོ་རྒྱལ་འབངས་ཉེར་ལྔ༔
རང་རིག་འདུ་བྲལ་མེད་པར་གསོལ་བ་འདེབས༔
རང་སེམས་མ་བཅོས་འོད་གསལ་མངོན་གྱུར་ནས་༔
རང་བྱུང་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས༔
རང་གནས་ཆོས་སྐུའི་གཏན་སྲིད་ཟིན་པ་དང༔
འདི་ཕྱིའི་མི་མཐུན་རྒུད་པ་ཀུན་བསལ་ནས༔
བསམ་དོན་ཆོས་བཞིན་གྲུབ་པར་མཛད་དུ་གསོལ༔
ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
དེ་ལྟར་རྒྱུན་དུ་གསོལ་བ་བཏབ་ནུས་ན༔
བསམ་དོན་ཡིད་བཞིན་གྲུབ་པར་ཐེ་ཚོམ་མེད༔
དེ་སྐད་ཐུགས་སྲས་བསྐུལ་བ་ཟབ་ཕྱིར་དུ༔
སྐལ་བཟང་འདུས་སྟེ་རྒྱ་མཚོའི་བཞེད་སྐོང་དུ། །
མ་ནུས་སྤྲང་འཁྱམ་སུ་ཁ་བཛྲ་གྱིས། །
དགོངས་པ་མི་འགྱུར་བརྡ་ལས་བྲིས་པ་དགེ། །
དགེའོ།།
