The Potent Nectar of Accomplishment—Tibetan

Practices › Prayers | བོད་ཀྱི་བླ་མ།ཞེ་ཆེན་རབ་འབྱམས་རིན་པོ་ཆེ། | བོད་ཀྱི་བླ་མ།དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

English | བོད་ཡིག

ཞེ་ཆེན་རབ་འབྱམས་རིན་པོ་ཆེ།

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

Further information:
Download this text:

༄༅།།བརྒྱུད་གསུམ་རིག་འཛིན་བླ་མར་གསོལ་སྨོན་དངོས་གྲུབ་བདུད་རྩིའི་བཅུད་འཛིན་ཞེས་བྱ་བ་བཞུགས་སོ།

 

གཞི་དབྱིངས་འགྱུར་མེད་ཆོས་སྐུ་ཀུན་ཏུ་བཟང་། །

གཞི་སྣང་ལོངས་སྐུ་ཡེ་ཤེས་རིགས་ལྔའི་སྤྲིན། །

འགྲོ་འདུལ་རིགས་གསུམ་དགོངས་བརྒྱུད་བླ་མ་ལ། །

གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབས། །

 

སྤྲུལ་པའི་རིག་འཛིན་དགའ་རབ་ཤྲཱི་སིང་། །

རྒྱལ་ཀུན་ངོ་བོ་པད་འབྱུང་བི་མ་ལ། །

གྲུབ་པའི་རིག་འཛིན་རྩལ་འཆང་རྣམ་བརྒྱད་ལ། །

གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབས། །

 

ཆོས་རྒྱལ་ཡབ་སྲས་བཻ་རོ་ནམ་སྙིང་འབངས། །

དབྱིངས་ཕྱུགས་ཡུམ་ལྔའི་རྣམ་རོལ་མཁའ་འགྲོ་ལྔ། །

བཀའ་བབ་སྙན་བརྒྱུད་རིག་འཛིན་ཚོགས་བཅས་ལ། །

གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབས། །

 

ཉང་གུར་ཀུན་མཁྱེན་ཡབ་སྲས་མངའ་པཎ་རྗེ། །

བྱང་བདག་རྡོ་རྗེ་ཐོག་མེད་ཆོས་རྗེ་གླིང་། །

མཁྱེན་བརྩེའི་དབང་སོགས་རྣམ་རོལ་བསམས་ཡས་ལ། །

གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབས། །

 

འགྱུར༵་མེད༵་རྒྱལ་ཀུན་ངོ་བོ་རིགས་ཀྱི་བདག །

སྙིགས་དུས་ཐེ༵ག་མཆོ༵ག་བཀའ་གཏེར་བཤད་སྒྲུབ་མགོན། །

བསྟ༵ན་པའི༵་རྒྱལ༵་མཚ༵ན་འཛིན་ཀུན་གཙུག་གི་རྒྱན། །

གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབས། །

 

འཇམ་མགོན་མཁྱེན་བརྩེའི་ཕྲིན་ལས་རང་དབང་བསྒྱུར། །

ཀུན་གཟིགས་པདྨ་ཡེ་ཤེས་རྡོ་རྗེ་དང་། །

བཻ་རོའི་རྣམ་རོལ་འཁྲུལ་ཞིག་དྷརྨའི་མཚན། །

གསོལ་བ་འདེབས་སོ་ཕྲིན་ལས་ཆར་ཆེན་ཕོབས། །

 

རབ་འབྱམས་ཆོས་ཚུལ་རྒྱ་མཚོའི་སྣོད་དུ་གྱུར། །

བཤད་སྒྲུབ་ཆོས་ཀྱི་སེངྒེའི་མཚན་གྱིས་སྤུད། །

ཆོས་བདག་དབུགས་དབྱུངས་དགོངས་རྒྱུད་བྱིན་རླབས་ཐོབ། །

གསོལ་བ་འདེབས་སོ་བྱིན་རླབས་མཆོག་དངོས་སྩོལ། །

 

སྐུ་མཆོག་འཇམ་དཔལ་གསུང་མཆོག་ཚེ་ཡི་ལྷ། །

ཐུགས་མཆོག་ཡང་དག་ཡོན་ཏན་བླ་མའི་ཚོགས། །

ཕྲིན་ལས་ཕུར་པ་ཟབ་ཡངས་དགོངས་པའི་གཏེར། །

དཀྱིལ་འཁོར་རྒྱ་མཚོའི་ཚོགས་ལ་གསོལ་བ་འདེབས། །

 

ཟག་བཅས་འཁོར་བའི་ཡུལ་ལ་མི་ཆགས་པར། །

ལམ་གྱི་མཐུན་རྐྱེན་སྡོམ་གསུམ་རྣམ་པར་དག །

དད་བརྩོན་དྲག་པོས་ཐོས་བསམས་མིག་རྙེད་ནས། །

ཞི་བའི་གནས་སུ་སྒྲུབ་ལ་གཞོལ་བར་ཤོག །

 

གཞི་རྒྱུད་བྱང་ཆུབ་སེམས་ཀྱི་ཞིང་ས་བརླན། །

ལམ་རྒྱུད་སྨིན་གྲོལ་སྐུ་བཞི་ས་བོན་ཐེབས། །

རིམ་གཉིས་ལམ་གྱི་དྲོད་རྟགས་མཐར་ཕྱིན་ནས། །

འབྲས་རྒྱུད་ལྷུན་གྲུབ་རིག་འཛིན་མངོན་གྱུར་ཤོག །

 

གནས་སྐབས་སུ་ཡང་དོན་གཉིས་སྒྲུབ་པ་ལ། །

ཕྱི་ནང་གསང་བའི་བར་ཆད་མི་འབྱུང་ཞིང་། །

ནད་མེད་ཚེ་རིང་བསམ་རྒུ་ཡིད་བཞིན་འགྲུབ། །

ཉམས་རྟོགས་རིག་པའི་རྩལ་ཆེན་འབར་གྱུར་ཅིག །

 

འདི་ལ་བཟང་ངན་ལས་འབྲེལ་ཤི་གསོན་ཀུན། །

རང་སྣང་འཁྲུལ་པ་བར་དོའི་འཇིགས་སྐྲག་ལ། །

རང་ངོ་ཤེས་ནས་སྣང་མཆེད་ཐོབ་གསུམ་གྱི། །

རང་སྣང་དག་པའི་སྐུ་གསུམ་མངོན་གྱུར་ཤོག །

 

རིག་འཛིན་བླ་མའི་ཐུགས་ཀྱི་དྭངས་མའི་བཅུད། །

ཆོས་མཆོག་དྲི་མེད་ཟབ་མོ་དགོངས་པའི་གཏེར། །

འཇིག་རྟེན་ཀུན་ཁྱབ་ཀུན་ཀྱང་སྣོད་གྱུར་ནས། །

དངོས་བརྒྱུད་རིག་འཛིན་ས་ལ་དབུགས་དབྱུངས་ཤོག །

 

སྣོད་བཅུད་རྒུད་པའི་ཉེས་ཚོགས་ཀུན་ཞི་ཞིང་། །

ཚེ་བསོད་དབང་རླུང་ཉམས་རྟོགས་ངང་གིས་རྒྱས། །

ཁམས་གསུམ་ཆེ་རྒུའི་རླུང་སེམས་རང་དབང་འདུས། །

མི་མཐུན་དགྲ་བགེགས་ཡོངས་སྒྲོལ་བཀྲ་ཤིས་ཤོག །

 

ཅེས་པ་འདི་ཡང་འཇམ་མགོན་བླ་མ་རབ་གསལ་ཟླ་བའི་ཟབ་མོ་དགོངས་པའི་གཏེར་ཁ་ཁ་ཤས་ཀྱི་ལས་བྱང་དབང་དང་ལས་ཚོགས་འགའི་ཆོག་ཁྲིགས་གསར་བརྩོམས་ལེགས་གྲུབ་བྱུང་བའི་སྐབས་སྒྲུབ་བླ་དད་བརྩོན་མཚུངས་མེད་ལུང་རིག་ཉི་མ་ནས་ཟབ་གཏེར་ཀུན་ལ་སྦྱར་ཆོག་པའི་གསོལ་འདེབས་སྨོན་ལམ་དགོས་ཞེས་རིན་ཆེན་དང་པོ་ཊཾ་ཀ་གསུམ་ནང་མཛོད་བཅས་ཆེད་བསྐུལ་མ་ཟློག་ཙམ་དུ་བོད་རབ་གནས་ལྕགས་བྱི་ཁྲུམ་ཟླ་བའི་ཚེས་བཅུ་དགུ་གཏེར་ཆེན་བླ་མའི་འདས་མཆོད་ཉིན་ཟབ་ཆོས་ཀྱི་བདག་པོར་དབུགས་དབྱུངས་ཐོབ་པ་ཞེ་ཆེན་རབ་འབྱམས་སྤྲུལ་མིང་ནས་བྲིས་ཏེ་ཕུལ་བ་དགེ་ལེགས་འཕེལ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept