Supplication to Successive Lives of Shechen Rabjam—Tibetan

Practices › Prayers | བོད་ཀྱི་བླ་མ།ཞེ་ཆེན་རབ་འབྱམས་རིན་པོ་ཆེ། | བོད་ཀྱི་བླ་མ།དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

English | བོད་ཡིག

ཞེ་ཆེན་རབ་འབྱམས་རིན་པོ་ཆེ།

First Shechen Rabjam

Further information:
Download this text:

༄༅། །ཞེ་ཆེན་རབ་འབྱམས་སྐུ་ཕྲེང་རིམ་བྱོན་གྱི་གསོལ་འདེབས་དང་བའི་པདྨོ་ཞེས་བྱ་བ་བཞུགས་སོ། །

 

ན་མོ་གུ་རུ།

སྨོན་ལམ་བཞི་གྲུབ་ཚོགས་གཉིས་དཔལ་གྱི་བརྗིད། །

བདེ་གཤེགས་ཤར་ལྷོའི་ཞིང་མགོན་མྱ་ངན་མེད། །

མཐའ་ཡས་སེམས་ཅན་དུག་གསུམ་ཞི་མཛད་ཅིང་། །

མཁའ་ཁྱབ་འགྲོ་བའི་མགོན་གྱུར་གསོལ་བ་འདེབས། །

 

མ་ལ་ཡ་རྩེར་གསང་བའི་བདག་པོ་ལས། །

ཀུན་བཟང་དགོངས་བརྒྱུད་གསང་ཆེན་མཐའ་དག་ནོད། །

ལེགས་པར་བཀའ་བསྡུས་མ་ལུས་ཐུགས་སུ་ཆུད། །

གནོད་སྦྱིན་སྐར་མདའ་གདོང་ལ་གསོལ་བ་འདེབས། །

 

འཇམ་དཔལ་རྣོན་པོའི་ཡེ་ཤེས་སྒྱུ་མའི་འཕྲུལ། །

བདེ་གཤེགས་སྐུ་ཡི་བཀའ་བབ་བཤེས་གཉེན་ཆེ། །

འོད་གསལ་རྫོགས་ཆེན་སྡེ་གསུམ་བསྟན་པའི་སྲོལ། །

འབྱེད་མཁས་མཉྫུ་མི་ཏྲར་གསོལ་བ་འདེབས། །

 

འཛམ་བུའི་གླིང་འདིར་སྟོན་པའི་རིང་སྲེལ་དངོས། །

བཞུགས་པའི་མཆོད་སྡོང་བརྒྱད་ཁྲི་བཞི་སྟོང་བཞེངས། །

སྟོན་པའི་མཛད་རྗེས་གནས་དང་བསྟན་དར་ཤུལ། །

གསལ་མཛད་ཨ་ཤོ་ཀ་ལ་གསོལ་བ་འདེབས། །

 

བཙད་པོའི་རིགས་འཁྲུངས་པདྨའི་ཐུགས་ཀྱིས་ཟིན། །

ལོ་པཎ་སྐྱེས་མཆོག་བསྙེན་བཀུར་དམ་ཆོས་བསྒྱུར། །

དགེ་བཅུའི་སྲོལ་བཟུང་བཀའ་གཙིགས་བྲིས་ཏེ་བཞག །

རྒྱལ་སྲས་སད་ན་ལེགས་ལ་གསོལ་བ་འདེབས། །

 

པདྨས་རྗེས་བཟུང་གྲུབ་པའི་ས་མཐོར་གཤེགས། །

མདོ་དང་སྒྱུ་འཕྲུལ་ལ་སོགས་སྔགས་ཀྱི་གཞུང་། །

རྣམ་མང་བསྒྱུར་མཛད་དོན་གྱི་ལོ་ཙཱ་བ། །

རྨ་བན་རིན་ཆེན་མཆོག་ལ་གསོལ་བ་འདེབས། །

 

ཐུབ་པའི་རྒྱལ་ཚབ་ཤཱནྟ་རཀྵི་ཏའི། །

དངོས་སློབ་གངས་ལྗོངས་རྒྱལ་བསྟན་རྙོགས་མ་ཀུན། །

ལུང་དང་རིག་པས་བསལ་མཛད་པཎྜི་ཏ། །

པདྨའི་ངང་ཚུལ་ཞབས་ལ་གསོལ་བ་འདེབས། །

 

དགྱེས་མཛད་ལོ་ཙཱས་རྗེས་བཟུང་ཕྱག་རྒྱ་ཆེ། །

གྲུབ་པའི་རྣལ་འབྱོར་སྒྲུབ་བརྒྱུད་བསྟན་པའི་རྒྱན། །

གངས་ལྗོངས་གྲུབ་བརྒྱའི་གཙུག་ནོར་མི་ལ་རྗེ། །

བཞད་པ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །

 

མཁྱེན་རབ་སྣང་བས་ཤེས་བྱའི་ཆོས་ཀུན་གཟིགས། །

བརྩེ་ཆེན་ཐུགས་རྗེས་མཐའ་ཡས་གདུལ་བྱ་སྐྱོང་། །

མཁས་བཙུན་གྲུབ་པའི་གྲགས་སྙན་ཁྱབ་མཛད་པའི། །

རོང་སྟོན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །

 

ཟབ་གཏེར་བཀའ་བབ་ཕྱག་རྫོགས་བསྟན་པའི་བདག །

འཇམ་དཔལ་ཁྲོས་པའི་ང་རོས་ལོག་སྲེད་སྡེ། །

ཟིལ་གནོན་ཆོས་ཀྱི་རྒྱལ་པོ་འབྲི་གུང་པ། །

རིན་ཆེན་ཕུན་ཚོགས་ཞབས་ལ་གསོལ་བ་འདེབས། །

 

ཨོ་རྒྱན་བསྙེན་སྒྲུབ་བཀའ་བརྒྱུད་གོང་མའི་སྲོལ། །

ཉམས་བཞེས་མཐར་སོན་གྲུབ་པའི་བརྟུལ་ཞུགས་བསྐྱངས། །

རྫུ་འཕྲུལ་མངའ་བརྙེས་བལ་བོད་ཆོས་ལ་བསྒྱུར། །

དབུས་སྨྱོན་ཧེ་རུ་ཀ་ལ་གསོལ་བ་འདེབས། །

 

འཇམ་དཔལ་མཁྱེན་རབ་ཉི་མ་ཐུགས་ལ་ཤར། །

ལུང་རིགས་སྨྲ་བའི་སེངྒེས་ལོག་སྨྲའི་ཚོགས། །

ཟིལ་གནོན་མཁས་གྲུབ་དབང་ཕྱུག་རབ་འབྱམས་པ། །

བསྟན་པའི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །

 

དམ་པའི་ཚུལ་དགུས་ངེས་གསང་བསྟན་མཆོག་འཛིན། །

མཁྱེན་དང་བརྩེ་བའི་ཕྲིན་ལས་ཕ་མཐའ་བརྡལ། །

ཀུན་བཟང་བསྟན་པའི་ཉི་མ་ཞེ་ཆེན་པ། །

རྣམ་པར་རྒྱལ་བའི་ཞབས་ལ་གསོལ་བ་འདེབས། །

 

བསླབ་གསུམ་རྣམ་དག་མཁྱེན་བརྩེ་ནུས་པའི་གཏེར། །

སྨིན་གྲོལ་བདུད་རྩིས་སྐལ་བཟང་གདུལ་བྱའི་ཚོགས། །

ཡོངས་སྨིན་ངེས་པ་དོན་གྱི་རིག་པ་འཛིན། །

དཔལ་འབྱོར་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །

 

ཨོ་རྒྱན་ལུང་བསྟན་ཟབ་མོའི་གཏེར་ལ་དབང་། །

བརྟུལ་ཞུགས་སྤྱོད་པས་སྦས་པའི་གནས་ཞལ་འབྱེད། །

བསྐྱེད་རྫོགས་གདིང་ལྡན་སྔགས་སྤྱོད་གར་གྱི་དབང་། །

ཆོས་ཀྱི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །

 

འཇམ་དཔལ་གཤིན་རྗེ་གཤེད་ཀྱིས་རྗེས་སུ་བཟུང་། །

གཞན་ཕན་བསྡུ་བཞིའི་ཕྲིན་ལས་བསམ་མི་ཁྱབ། །

འབྲེལ་ཚད་དོན་ལྡན་འགྱུར་མེད་ངེས་དོན་གཟིགས། །

ཀུན་བཟང་བསྟན་པའི་ཉི་མར་གསོལ་བ་འདེབས། །

 

རླབས་ཆེན་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཡིས། །

བསྟན་པ་རིན་ཆེན་ཞིང་འདིར་སྣང་བའི་གཉེན། །

གདུལ་དཀའ་འདུལ་མཛད་གྲུབ་པའི་རྡོ་རྗེ་འཛིན། །

བསྟན་པའི་ཉི་མའི་ཞབས་ལ་གསོལ་བ་འདེབས། །

 

རིས་མེད་བསྟན་འགྲོའི་མགོན་གྱུར་གཏེར་ཆེན་རྗེ། །

འཇམ་མགོན་རབ་གསལ་ཟླ་བའི་ཐུགས་བསྐྱེད་ཀྱིས། །

ངེས་གྲོལ་སྔ་འགྱུར་བཤད་སྒྲུབ་ཆུ་གཏེར་ཆེའི། །

དབྱིག་འཛིན་ཆོས་ཀྱི་སེངྒེར་གསོལ་བ་འདེབས། །

 

དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །

ཚེ་རབས་ཕྲེང་བར་དམ་པའི་མགོན་རྣམས་ཀྱིས། །

རྗེས་བཟུང་མཉེས་པ་གསུམ་གྱིས་ལེགས་བསྙེན་པས། །

དོན་གཉིས་བསམ་ཀུན་ལྷུན་འགྲུབ་བྱིན་གྱིས་རློབས། །

 

ཞེས་པའང་གསང་ཆེན་བསྟན་པའི་མངའ་བདག་འཁོར་ལོའི་མགོན་པོ་སྐྱབས་གཅིག་དིལ་མཁྱེན་རྡོ་རྗེ་འཆང་ནས་ཞེ་ཆེན་རབ་འབྱམས་སྐྱེས་ཕྲེང་རིམ་བྱོན་གྱི་ཕྱག་ཐོ་ཕྱག་བྲིས་དངོས་ལས་ཆོས་ཀྱི་མཆེད་པོ་སྤྲུལ་སྐུ་ཀུན་དགའ་ནས་ཕབ་ཤུས་ཀྱིས་སྐྱེས་ཕྲེང་དང་མཐུན་པའི་གསོལ་འདེབས་ཤིག་དགོས་ཞེས་ནན་བསྐུལ་མ་ལྡོག་ཙམ་དུ་ཞེ་ཆེན་རབ་འབྱམས་བདུན་པའི་མཚན་འཆང་འགྱུར་མེད་བཤད་སྒྲུབ་ཆོས་ཀྱི་སེངྒེས་བོད་རབ་གནས་ལྕགས་བྱི་ཧོར་ཟླ་༡༡ པའི་ཚེས་བཅུའི་དུས་བཟང་ཉིན་བྲིས་ཏེ་ཕུལ་བ་དགེ་ལེགས་འཕེལ།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept