བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

མན་ངག་ཐུགས་ཀྱི་ཡང་ཞུན་ཆོས་བདུན་ལས༔ བྱིན་རླབས་བླ་མའི་རྣལ་འབྱོར༔

English | བོད་ཡིག

༁ྃ༔ མན་ངག་ཐུགས་ཀྱི་ཡང་ཞུན་ཆོས་བདུན་ལས༔ བྱིན་རླབས་བླ་མའི་རྣལ་འབྱོར་བཞུགས་སོ༔

 

ཧེ་རུ་ཀ་དང་གཉིས་མེད་པའི༔ རྡོ་རྗེ་འཆང་ཆེན་བླ་མར་འདུད༔ དེ་ཉིད་མཆོག་གྱུར་པདྨ་བདག༔ སྒྲུབ་ཐབས་ཕྱི་རབས་རྣམས་ལ་སྟོན༔ འབྲེལ་གྲོལ་ངོ་མཚར་ཅན་གྱི་ཆོས༔ ཉེ་ལམ་བླ་མའི་རྣལ་འབྱོར་འདི༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ༔

དེ་ལ་སྔོན་འགྲོ་དངོས་གཞི་རྗེས༔ སྔོན་འགྲོ་དབེན་པའི་གནས་དག་ཏུ༔ བསམ་གཏན་འཇུག་ཚུལ་བག་ཕེབས་པས༔ ངེས་འབྱུང་བརྟན་ཅིང་སྐྱབས་ཡུལ་བསྒོམ༔

 

རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས༔ བླ་མ་རིག་འཛིན་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ

 

ན་མོ༔ འཁོར་བའི་སྡུག་བསྔལ་གྱིས་གཟིར་བའི༔

བདག་སོགས་མཁའ་ཁྱབ་འགྲོ་ཀུན་རྣམས༔

བླ་མ་མཆོག་གསུམ་ཀུན་འདུས་ལ༔

བྱང་ཆུབ་བར་དུ་སྐྱབས་སུ་མཆི༔

དེང་ནས་བཟུང་སྟེ་མཐར་ཐུག་པར༔

འགྲོ་དྲུག་སེམས་ཅན་བསྒྲལ་སེམས་བསྐྱེད༔

བླ་མ་མཆོག་གསུམ་སྲས་བཅས་ལ༔

ཕྱག་འཚལ་ཕྱི་ནང་གསང་མཆོད་འབུལ༔

སྡིག་ཚོགས་བཤགས་ཤིང་ཚོགས་གཉིས་ལ༔

ཡི་རང་ཆོས་གསུང་བསྐུལ་ཞིང་གསོལ༔

འགྲོ་དོན་བཞུགས་ཕྱིར་ལུས་འབུལ་ལོ༔

དགེ་བསྔོ་འགྲོ་ཀུན་སངས་རྒྱས་ཤོག༔

ཚོགས་ཞིང་རང་ཐིམ་རྒྱུད་བྱིན་བརླབས༔

ས་མ་ཡ་རྒྱ༔

 

དངོས་གཞི་རླུང་བསལ་བསྐྱེད་རིམ་ནི༔

རང་སེམས་མ་བཅོས་ཡེ་རྫོགས་ལས༔

རང་ཉིད་རྟ་མགྲིན་དམར་གསལ་མདོག༔

ཞལ་གཅིག་དབུ་གཙུག་རྟ་སྐད་སྒྲོག༔

ཕྱག་གཡས་འགུགས་བྱེད་གཡོན་འདྲེན་བྱེད༔

ཞབས་གཉིས་བཞེངས་སྟབས་དུར་ཁྲོད་ཆས༔

ཕག་མོ་ཡུམ་དང་ལྷན་ཅིག་འཁྲིལ༔

པདྨ་ཉི་སྟེང་མེ་ཀློང་གསལ༔

མདུན་གྱི་ནམ་མཁར་འོད་ལྔའི་ཞིང་༔

འཇའ་ཟེར་ཐིག་ལེའི་ཀློང་དཀྱིལ་དུ༔

པདྨ་སྟོང་ལྡན་ཉི་ཟླའི་སྟེང་༔

རང་ལ་བཀའ་དྲིན་ཆེ་བའི་རྗེ༔

རེ་ལྟོས་གྱུར་པའི་སྐྱབས་རྣམས་ཀུན༔

འདུས་པའི་བདག་ཉིད་རང་རིག་པ༔

གུ་རུ་ཡིད་བཞིན་ནོར་བུ་ནི༔

ཨཱ་ཙར་དཀར་དམར་གཞོན་ནུའི་སྐུ༔

སྤྱན་མཛེས་ཤངས་ལེགས་ཞལ་སྙན་བཀྲ༔

དབུ་སྐྲ་གནག་སྣུམ་སིལ་འཇམ་ལྡན༔

སྐུ་མཉམ་མཚན་དང་དཔེ་བྱད་རྫོགས༔

གོས་དཀར་ཕོད་མཐིང་རྡོ་རྗེའི་གོང་༔

ཆོས་གོས་གསེར་གྱི་ངང་རིས་ཅན༔

བེར་སྨུག་རྣམས་ནི་བརྩེགས་མར་གསོལ༔

འདབ་ལྡན་མཐོན་མཐིང་དབུ་ཞྭ་ནི༔

མདོངས་སྒྲོ་དར་ཤེལ་རྡོ་རྗེ་དང་༔

ཉི་ཟླ་ཅོད་པན་རིགས་བརྒྱན་གསོལ༔

ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔

གཡོན་པས་མཉམ་བཞག་བྷན་དྷ་ནི༔

བདུད་རྩིས་བཀང་ཞིང་ཚེ་བུམ་ལ༔

ཁ་རྒྱན་དབང་རྒྱལ་ལྡན་པ་བསྣམས༔

སྦས་པའི་ཡུམ་མཆོག་ཁ་ཊཾ་ག༔

རྩེ་གསུམ་ཐོད་མཁར་ལྕགས་ཀྱུ་དང་༔

ཚེ་བུམ་རྒྱ་གྲམ་དར་དཔྱངས་དང་༔

ཌཱ་རུ་གཡེར་ཁ་ཡིས་བརྒྱན་པ༔

མཉེན་ལྕུག་འཁྲིལ་ལྡེམ་ཡུ་བ་ཅན༔

སྐུ་ཡི་གཡོན་ནས་འཁྲིལ་བའི་ཚུལ༔

མགུལ་རྒྱན་སྙན་ཆ་གདུ་བུ་དང་༔

རིན་ཆེན་དོ་ཤལ་དུ་མས་བརྒྱན༔

ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔

གནས་བཞིར་ཨོཾ་ཨཱཿཧཱུྃ་ཧྲཱིཿགསལ༔

སྐུ་ཡིས་ཞིང་ཁམས་ཡོངས་ལ་ཁྱབ༔

བདེ་གཤེགས་ཐམས་ཅད་སྐུ་ལ་རྫོགས༔

འཁོར་དུ་མཁའ་འགྲོ་མནྡཱ་ར༔

མཚོ་རྒྱལ་བདེ་ཆེན་རྒྱལ་མོ་དང་༔

ཞི་བ་མཚོ་དང་མཁའ་འགྲོ་མ༔

དཔའ་བོ་དཔའ་མོ་བྱེ་བས་བསྐོར༔

བདག་གི་མོས་གུས་གདུང་ཤུགས་ཀྱིས༔

ལྷོ་ནུབ་རྔ་ཡབ་དཔལ་རི་ནས༔

ཨོ་རྒྱན་པདྨ་འབྱུང་གནས་ལ༔

སྐྱབས་གནས་རྒྱ་མཚོས་བསྐོར་བ་ཞིག༔

སྤྱན་དྲངས་དེ་ལ་ཐིམ་པར་གྱུར༔

 

ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔

པདྨ་གེ་སར་སྡོང་པོ་ལ༔

ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔

པདྨ་འབྱུང་གནས་ཞེས་སུ་གྲགས༔

འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔

ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔

བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔

གུ་རུ་པདྨ་སིདྡྷི་ཧཱུྃ༔

 

ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་ཀུན་འདུས་བླ་མ་ལ༔

འབྱུང་ལྔ་རི་རབ་གླིང་བཞི་དང་༔

གླིང་ཕྲན་ལྕགས་རི་རི་མཚོ་བདུན༔

ཉི་ཟླ་དུས་མེ་ཁམས་གསུམ་པོ༔

བྱེ་བ་ས་ཡ་གྲངས་མེད་པ༔

ལོངས་སྤྱོད་འདོད་ཡོན་ཚོགས་བཅས་འབུལ༔

འོད་ལྔ་ཐིག་ལེ་རྒྱལ་སྲིད་བདུན༔

ཉེར་སྤྱོད་འདོད་ཡོན་བཀྲ་ཤིས་པའི༔

རྫས་རྟགས་སྐུ་དང་ཡེ་ཤེས་ཚོགས༔

མདོར་ན་ལོངས་སྤྱོད་རྫོགས་པའི་ཞིང་༔

བསམ་ཡས་མཆོད་སྤྲིན་ཆེན་པོས་མཆོད༔

ཁྱབ་བརྡལ་ཕྱོགས་ལྷུང་བྲལ་བ་ན༔

རང་གསལ་རིག་པ་ཡེ་ཤེས་ཆེ༔

བྱ་བྲལ་ཐོག་མཐའ་མེད་པ་ནི༔

ཆོས་དབྱིངས་ལྷུན་གྲུབ་ཆེན་པོར་འབུལ༔

 

ཨོཾ་ཨཱཿཧཱུྃ༔ རང་རིག་མཁའ་ལ་ལྷ་ཡི་སྐུ༔

དབང་པོ་བྷནྡྷར་བཾ་རོ་བསྒྲལ༔

མེ་རླུང་སྦྱོར་བས་བདུད་རྩིར་ཞུ༔

ཡེ་ཤེས་བདུད་རྩི་སྤྱན་དྲངས་ནས༔

གཉིས་མེད་བསྟིམས་ནས་མཆོད་སྤྲིན་སྤྲོ༔

ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧི༔

 

ལོངས་སྐུའི་བདག་ཉིད་བླ་མ་ལ༔

ཕུང་པོའི་ཚོགས་ཀྱི་འཁོར་ལོས་མཆོད༔

གཉིས་མེད་ཆེན་པོར་དགྱེས་བསྐངས་ཏེ༔

མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང་༔

 

ཨོཾ་ཨཱཿཧཱུྃ༔ ཆོས་སྐུའི་བདག་ཉིད་བླ་མ་ལ༔

པད་ཅན་དུང་ཅན་རི་དྭགས་ཅན༔

གླང་སྣ་མ་སོགས་རིག་མའི་ཚོགས༔

ཀུན་ཏུ་བདེ་བ་རྒྱས་པས་མཆོད༔

 

ཨོཾ་ཨཱཿཧཱུྃ༔ ངོ་བོ་ཉིད་སྐུའི་བླ་མ་ལ༔

མཆོད་དང་མཆོད་ཡུལ་དམིགས་སུ་མེད༔

ཀ་དག་ཟང་ཐལ་སྤྲོས་དང་བྲལ༔

ཡེ་མཆོད་ཆེན་པོར་བཞེས་སུ་གསོལ༔

 

ཨེ་མ་ཧོ༔ བླ་མ་སྐུ་བཞིའི་བདག་ཉིད་ཆེ༔

རེ་ལྟོས་གྱུར་པ་བཀའ་དྲིན་ཅན༔

གསང་སྔགས་སྒྲུབ་པའི་གཉེན་ཆེན་པོ༔

བྱིན་རླབས་འཕོ་བའི་མོད་ཉིད་ལ༔

རང་རིག་བྱ་བྱེད་འདས་པར་རྟོགས༔

ཁྱེད་ཀྱི་མཚན་ཙམ་དྲན་པ་ཡིས༔

སྲིད་དང་ཞི་བའི་དཔལ་སྟེར་བ༔

ཡིད་བཞིན་ཀུན་སྩོལ་བླ་མ་རྗེ༔

བདག་ལ་རེ་ལྟོས་གཞན་མ་མཆིས༔

ཐུགས་རྗེས་ཟུངས་ཤིག་གུ་རུ་རྗེ༔

བར་ཆད་སོལ་ཅིག་པདྨ་འབྱུང་༔

སྒྲིབ་གཉིས་སྦྱོངས་ཤིག་པདྨ་རྒྱལ༔

ཡེ་ཤེས་སྐྱེད་ཅིག་སྐུ་བཞིའི་བདག༔

དབང་བཞི་གཅིག་ཆར་བསྐུར་བ་དང་༔

བྱིན་རླབས་འཕོ་བའི་དབང་ཆེན་བསྐུར༔

ཚེ་གཅིག་སངས་རྒྱས་ས་ལ་སྐྱོལ༔

ཕྱིར་མི་ལྡོག་པར་མཛད་དུ་གསོལ༔

ཞེས་དང་གསོལ་འདེབས་སྙིང་པོ་ནི༔

ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔

བརྒྱ་སྟོང་ཁྲི་འབུམ་ཅི་ནུས་བཟླ༔

 

ཨོཾ༔ བླ་མའི་དཔྲལ་བའི་ཨོཾ་དཀར་ལས༔

ཨོཾ་དཀར་འཕྲོས་ནས་དཔྲལ་བར་ཐིམ༔

ལུས་སྒྲིབ་སྦྱངས་ནས་སྐུའི་བྱིན་རླབས༔

བུམ་དབང་ཐོབ་ནས་བསྐྱེད་རིམ་བསྒོམ༔

ས་ཐོབ་སྤྲུལ་སྐུ་འགྲུབ་པར་ཤོག༔

 

ཨཱཿ བླ་མའི་མགྲིམ་པའི་ཨཱཿདམར་ལས༔

ཨཱཿདམར་འཕྲོས་ནས་མགྲིན་པར་ཐིམ༔

ངག་སྒྲིབ་སྦྱངས་ནས་གསུང་བྱིན་ཞུགས༔

གསང་དབང་ཐོབ་ནས་རྩ་རླུང་བསྒོམ༔

དགུ་པ་ཐོབ་ནས་ལོངས་སྐུ་འགྲུབ༔

 

ཧཱུྃ༔ བླ་མའི་ཐུགས་ཀའི་ཧཱུྃ་མཐིང་ལས༔

ཧཱུྃ་མཐིང་འཕྲོས་ནས་སྙིང་གར་ཐིམ༔

ཡིད་སྒྲིབ་དག་ནས་ཐུགས་བྱིན་ཞུགས༔

ཤེས་རབ་དབང་ཐོབ་བདེ་ཆེན་བསྒོམ༔

བཅུ་པ་ཐོབ་ནས་ཆོས་སྐུ་འགྲུབ༔

 

ཧྲཱིཿ བླ་མའི་ལྟེ་བའི་ཧྲཱིཿལྗང་ལས༔

ཧྲཱིཿལྗང་འཕྲོས་ནས་ལྟེ་བར་ཐིམ༔

ཆ་མཉམ་སྒྲིབ་སྦྱངས་འཕོ་དབང་ཐོབ༔

ཡེ་ཤེས་དབང་ཐོབ་རྫོགས་ཆེན་བསྒོམ༔

ཀུན་འོད་ས་ཐོབ་ཡེ་སངས་རྒྱས༔

བླ་མ་ངོ་བོ་ཉིད་སྐུ་འགྲུབ༔

 

ཨོཾ་ཨཱ༔ཧཱུྃ་ཧྲཱིཿ བླ་མ་འཁོར་བཅས་འོད་དུ་ཞུ༔

སྤྱི་བོའི་གཙུག་ནས་སྙིང་ཁར་ཐིམ༔

བླ་མ་རང་སེམས་དབྱེར་མེད་འདྲེས༔

མ་བཅོས་གཉུག་མའི་རང་སེམས་འདི༔

བལྟས་ན་ཅི་ཡང་མཐོང་བ་མེད༔

མ་བལྟས་བཞག་ན་འོད་གསལ་བ༔

ས་ལེ་ཧྲིག་གེ་རྗེན་ནེ་བ༔

ཟང་ཐལ་ཀུན་ཁྱབ་བརྗོད་བྲལ་འདི༔

སངས་རྒྱས་རང་ལས་རྙེད་པའོ༔

དོན་གྱི་པད་འབྱུང་དེ་ཡིན་པས༔

ལོག་ན་སྒོམ་དང་སྒྲུབ་རྒྱུ་མེད༔

དེ་ལྟར་ཤེས་ན་བླ་མ་འགྲུབ༔

ས་མ་ཡ་རྒྱ༔

 

རྗེས་ནི་སྤྱོད་ལམ་ཐམས་ཅད་དུ༔
སྣང་ཚད་བླ་མའི་སྐུ་རུ་བལྟ༔
གྲགས་ཚད་བླ་མ་རྗེ་ཡི་གསུང་༔
རྟོག་པ་ཅི་ཤར་ཐམས་ཅད་ཀྱང་༔
འཛིན་མེད་ཞེན་མེད་རྩིས་གདབ་བྲལ༔
སྤང་བླང་བྱར་མེད་ངང་ལ་ཞོག༔

བླ་མར་མོས་གུས་ཁ་སྙིང་སྤྲད༔
སྐྱིད་རུང་སྡུག་རུང་བླ་མ་བསྒོམ༔
ཅི་ལྟར་བྱུང་ཡང་བློ་ལིང་གཏོད༔
དེ་ལྟར་བླ་མའི་རྣལ་འབྱོར་འདི༔
བསྒོམས་པས་གནས་སྐབས་འཇིགས་བརྒྱད་སྐྱོབས༔
ཕྱི་ནང་གསང་བའི་བར་ཆད་ཞི༔
བསོད་ནམས་ཡེ་ཤེས་ཚོགས་རྣམས་བསྐྱེད༔
ལམ་གྱི་ཁྱད་པར་འདིས་མྱུར་བྱེད༔

མཐར་ཐུག་མཆོག་གི་དགོངས་པ་འགྲུབ༔
ཀ་ཅ་ཅི་ཡོད་བླ་མར་འབུལ༔
དག་སྣང་དགེ་སྒྲུབ་སྡིག་ལས་བྱོལ༔
སྙིང་རྗེ་ཆེར་བསྒོམ་སྦྱིན་པ་གཏོང་༔
བླ་མའི་མཛད་སྤྱོད་ཅི་ལྟར་ཡང་༔
སངས་རྒྱས་ཡིན་པའི་འདུ་ཤེས་བརྟེན༔

བཀའ་ཡི་ཆ་ཤས་མི་གཅོག་ཅིང་༔
ཐུགས་ལ་འཕྲོད་ན་གླུ་བྲོའང་བྱ༔
ཐོ་ཅོའི་ལུང་པ་ཁེངས་ན་ཁེང་༔
གསང་སྔགས་སྲོག་ནི་དམ་ཚིག་ཡིན༔
དམ་ཚིག་ཀུན་སྲོག་བླ་མར་འདུ༔
དེས་ན་བླ་མའི་དམ་ཚིག་གཅེས༔

 

ཐུན་མཚམས་བསྔོ་སྨོན་ཤིས་བརྗོད་ནི༔

ཨོཾ༔ བླ་མའི་རྣལ་འབྱོར་བསྒོམས་པའི་མཐུས༔

འགྲོ་ཀུན་སྐུ་གསུམ་རྒྱལ་སྲིད་ཐོབ༔

བླ་མའི་ཡོན་ཏན་དཔག་མེད་ཀྱི༔

བསམ་དགུ་འགྲུབ་པའི་བཀྲ་ཤིས་ཤོག༔

ས་མ་ཡ་རྒྱ༔

 

དེ་ལྟར་མན་ངག་གཅིག་ཆོག་འདི༔
མ་འོངས་ལས་ཅན་སྐྱེས་བུ་ཡི༔
ཆོས་སྐལ་འབྲེལ་ཚད་གྲོལ་བའི་ཆོས༔
ཀུན་ལ་མི་སྟོན་གསང་བའི་འོས༔
ཤེས་རབ་བློ་ལྡན་བྱིས་སྦའི་ཚུལ༔
མཆོག་གི་མིང་དང་འཕྲད་པར་ཤོག༔

ཅེས་གུ་རུ་རིན་པོ་ཆེས་ལྷ་སྲས་བདག་ལ་ཐུགས་བརྩེ་བས་གདམས་པ་མཐར་ཐུག་འདི་གནང་བས༔ མདོ་ཁམས་ནམ་མཁའ་མཛོད་དུ་ངང་ཚུལ་རྒྱལ་མོས་སྒྲོན་མེ་བཏེགས་ཏེ༔ ལྷ་སྲས་བདག་གིས་ཡི་གེ་མགྱོགས་པར་བྲིས་ནས་གཏེར་དུ་སྦས་པའོ༔

ས་མ་ཡ་རྒྱ༔ གཉན་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔

 

ཁོ་བོ་མཆོག་གྱུར་བདེ་ཆེན་གླིང་པས་མཁའ་འགྲོ་བདེ་སྐྱིད་བཅས་གྲོགས་དུ་མ་དང་ལྡན་པས་མདོ་ཁམས་ཡེ་རྒྱལ་ནམ་མཁའ་རྫོད་ཀྱི་སྒྲུབ་ཕུག་ནས་གདན་དྲངས། སྐུ་ཚབ་དང་བསེ་སྒྲོམ་སྨུག་པོ་གཏེར་ཤོག་གིས་གང་བ་འདུག་པའི་ནང་ནས། འདིའི་གཏེར་ཤོག་དཀྱུས་སོར་ལྔ་ཞེང་སོར་དོ་པ་ཞིག་འདུག །སྐྱོ་བྲག་སྤྲུལ་སྐུ་རབ་བཟང་གིས་ལྷ་རྫས་གཡུ་བཟང་ཤོག་བུ་གནང་ནས་ཨོ་རྒྱན་གྱི་སྒྲུབ་ཐབས་ཤིག་དགོས་གསུངས་པ་དང་། སྔ་སོར་ཞག་འགའ་ཞིག་ནས་གཏེར་ཤོག་འབེབས་དགོས་པའི་ལུང་གསལ་བྱུང་བ་རྣམས་རྟེན་འབྲེལ་འཛོམས་པས། སྤྲུལ་སྐུ་ཉིད་ཀྱི་དབོན་ཚང་དུ་ཕེབ་སྟེ་སྒྲོན་མེའི་ངོགས་སུ་མགྱོགས་པར་བྲིས། །

 

མཆོག་གྱུར་བདེ་ཆེན་གླིང་པ།

Guru Padmasambhava

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept