བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་མ་བུའི་བཀའ་སྲོལ་ཆུ་བོ་གཉིས་འདུས་ཀྱི་ཁྲིད་ཡིག་དྲི་མེད་ཞལ་ལུང་གི་དགོངས་པ་ལྟར་བཀོད་པའི་སྔོན་འགྲོའི་ངག་འདོན་རྒྱས་པ་གདོད་མའི་མྱུར་ལམ།

English | བོད་ཡིག

༄༅། །རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་མ་བུའི་བཀའ་སྲོལ་ཆུ་བོ་གཉིས་འདུས་ཀྱི་ཁྲིད་ཡིག་དྲི་མེད་ཞལ་ལུང་གི་དགོངས་པ་ལྟར་བཀོད་པའི་སྔོན་འགྲོའི་ངག་འདོན་རྒྱས་པ་གདོད་མའི་མྱུར་ལམ་ཞེས་བྱ་བ་བཞུགས་སོ༎

 

ན་མོ་གུ་རུ་ཛྙཱ་ན་ཀཱ་ཡ་ཡ།

འདིར་འོད་གསལ་རྫོགས་པ་ཆེན་པོའི་ལམ་མཆོག་པཎ་ཆེན་བི་མ་ལས་ཤིང་རྟའི་ལམ་སྲོལ་ཕྱེས་པའི་གདམས་ངག་སྒོམ་པའི་སྣོད་རུང་དུ་བྱ་བ་སྔོན་འགྲོའི་ཆོས་རྣམས་ལས། ངག་འདོན་གྱི་རིམ་པ་ཁོལ་ཕྱུང་དུ་བཀོད་པ་ལ། ཟབ་ལམ་སྒོམ་པའི་སྣོད་དུ་ཐུན་གྱི་སྔོན་འགྲོ། སྙིང་ཏིག་གི་ཁྱད་ཆོས་སེམས་སྦྱོང་བདུན་གྱིས་ལམ་གྱི་གཞི་བཅའ་བ། ཐུན་མོང་སྔོན་འགྲོ་བཞིས་རྒྱུད་དག་པར་བྱེད་པ་བླ་རྣལ་དང་བཅས་པའོ། །

དང་པོ་ནི།

གནས་དབེན་པར་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ། རླུང་རོ་དགུ་ཕྲུགས་སམ་སུམ་ཕྲུགས་སུ་བསལ་བས་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་མན་ངག་རྫོགས་པ་ཆེན་པོའི་གདམས་པ་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པས།

དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །

བདག་གི་སྤྱི་བོར་པདྨའི་གདན་བཞུགས་ནས། །

བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །

སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །

ཞེས་བརྗོད་པ་དང་ཆབས་ཅིག་ཏུ།

རང་གི་སྤྱི་བོར་པདྨ་དང་ཉི་ཟླའི་གདན་ལ་རྩ་བའི་བླ་མ་རྡོ་རྗེ་སེམས་དཔའི་རྣམ་པ་ཅན་དུ་ཞབས་སེམས་སྐྱིལ་གྱིས་བཞུགས་པ་ ཀཿཐོག་རིག་འཛིན་ཚེ་དབང་ནོར་བུའི་གསུང་རྒྱུན་དུ་བླ་མ་གཞིའི་ཀུན་བཟང་གི་རྣམ་པར་ཐིག་ལེ་སྔོན་པོའི་དབུས་སུ་བསྒོམས་པ་དང་ཀུན་མཁྱེན་གྱིས་རྡོ་རྗེའི་ལམ་བསྟན་དུ་བླ་མ་རྡོར་སེམས་སུ་གསལ་གསུངས་ལ། རྒྱལ་བ་ཀརྨ་པ་རང་བྱུང་རྡོ་རྗེས་ཀྱང་དྲངས་པར་མཛད་དོ་མཆན། ལ་མོས་གུས་གདུང་ཤུགས་དྲག་པོས།

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན།

བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ།

ཞེས་པ་ཙམ་མམ།

ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ།

ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ།

ཞེས་གསོལ་བ་བཏབ།

བླ་མའི་ཞབས་གཡས་པའི་མཐེ་བོང་ལས་བདུད་རྩི་དཀར་པོའི་རྒྱུན་བབས།

རང་གི་ཚང་བུག་ནས་ཞུགས་ལུས་ཐམས་ཅད་གང༌། བདེ་བ་ཆེན་པོའི་ཡེ་ཤེས་སྐྱེས།

མཐར་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ནས་རིག་པ་འཛིན་མེད་དུ་འཇོག་མཐར།

རྡོ་རྗེའི་འདུག་སྟངས་དང་མོས་སྒོམ་ཅུང་ཟད་བྱས་ མདུན་གྱི་བླ་མ་ཀུན་བཟང་ཡབ་ཡུམ་ཧཱུྃ་མཐིང་གའི་རྣམ་པར་ལུས་རྡོ་རྗེ་སྔོན་པོ་རྩེ་གསུམ་པར་བསྒོམས་པའི་ལྟེ་བར་བྱོན་པར་བསམ་ཞེས་ཚེ་དབང་ནོར་བུའི་གསུངས། མཆན། པས་བར་ཆད་མེད་པའི་དགོས་པ་དང༌། དོན་དམ་གྱི་སྲུང་འཁོར་མཆོག་ཏུ་འགྱུར་རོ། །

 

གཉིས་པ་སྙིང་ཏིག་གིས་ཁྱད་ཆོས་སེམས་སྦྱོང་བདུན་གྱིས་ལམ་གྱི་གཞི་བཅའ་བ་ལ་བདུན་ལས།

དང་པོ་མི་རྟག་པ་ལ་བསམ་ནས་སེམས་སྦྱོང་བ་ནི།

ཕྱི་རོལ་ཉིན་མཚན་དུས་བཞིའི་འགྱུར་ལྡོག་དང༌། །

ནང་གི་ཕུང་པོ་གསང་བ་གཉེན་འདུན་སོགས། །

འདུས་བྱས་ཆོས་རྣམས་མི་རྟག་མྱུར་དུ་འཇིག །

སྙིང་པོ་མེད་པ་ཆུ་ལྦུར་ལྟ་བུ་འོ། །

གཉིས་པ་འཕྲལ་ཡུན་གྱི་བདེ་བ་ལ་སེམས་སྦྱོང་བ་ནི།

དགེ་སྡིག་འབྲས་བུས་རིགས་དྲུག་གནས་སུ་འཁོར། །

སྲིད་པའི་བདེ་འབྱོར་དུག་ཅན་ཁ་ཟས་བཞིན། །

ལྟར་སྣང་བདེ་ཡང་ནམ་ཕུགས་སྡུག་བསྔལ་རྒྱུ། །

ངེས་ལེགས་ཐར་པའི་ལམ་མཆོག་ཁོ་ན་འོ། །

གསུམ་པ་རྐྱེན་དུ་མ་ལ་བསམ་སྟེ་སེམས་སྦྱོང་བ་ནི།

རྐྱེན་སྣང་འཁྲུལ་པའི་བྱ་བ་ཟིན་དུས་མེད། །

ཇི་ལྟར་བྱས་ཀྱང་འདོད་ཐོག་བབ་མི་འགྱུར། །

སྨིག་རྒྱུའི་ཆུ་ལ་རི་དྭགས་སྙེག་པ་བཞིན། །

དེ་བས་བློ་སྣ་དགེ་ལ་བསྒྱུར་བར་བྱ། །

བཞི་པ་བྱས་པ་དོན་མེད་ལ་སེམས་སྦྱོང་བ་ནི།

འཇིག་རྟེན་བྱ་བཞག་དོན་མེད་ཆགས་སྡང་གཞི། །

གཉིད་ཐུན་གཅིག་གི་རྨི་ལམ་བཟང་ངན་ལྟར། །

སྣང་བ་སྒྱུ་མས་བསླུས་པ་མཚང་རེ་ཆེ། །

ལིངས་ཀྱིས་བོར་ཏེ་ཟབ་མོའི་གདམས་ངག་བསྒོམ། །

ལྔ་པ་སངས་རྒྱས་ཀྱི་ཡོན་ཏན་བསམ་ནས་སེམས་སྦྱོང་བ་ནི།

སངས་རྒྱས་སྐུ་གསུམ་ཡོན་ཏན་ཚད་མེད་ལྡན། །

རང་ལ་ཡོད་པ་དེ་ཉིད་བསྒོམ་ན་ཐོབ། །

སྐྱེས་བུ་འབྲུམ་ནད་འབྱོངས་བཞིན་མི་ལྡོག་པས། །

གཏན་བདེའི་གོ་འཕང་དཀའ་བ་སྤྱད་ལ་བསྒྲུབ། །

དྲུག་པ་བླ་མའི་གདམས་ངག་ལ་བརྟེན་ནས་སེམས་སྦྱོང་བ་ནི།

བླ་མ་སྨན་པ་གདམས་ངག་བདུད་རྩིའི་བཅུད། །

འཁོར་བའི་རྒྱ་མཚོ་སྒྲོལ་བའི་གྲུ་བོ་ཆེ། །

ཐར་པའི་ཁང་བཟང་བགྲོད་པའི་ཐེམ་སྐས་མཆོག །

ཉིན་མཚན་བསྲན་བཙུགས་དེ་དོན་ཉམས་སུ་བླང༌། །

བདུན་པ་རྣམ་པར་མི་རྟོག་པ་ལ་སེམས་སྦྱོང་བ་ནི།

བདེ་གསལ་རྣམ་པར་མི་རྟོག་མཁའ་ལྟ་བུ། །

བསམ་གཏན་དམ་པའི་བདེ་བས་རྒྱུད་དུལ་བ། །

ཞིང་ས་གཤིན་པོར་ལོ་ཏོག་ལེགས་པ་བཞིན། །

ཏིང་འཛིན་ཀུན་གྱི་གཞི་རྟེན་བསྒྲུབ་པར་བྱ། །

འདི་རྣམས་ངག་འདོན་ཙམ་བཀོད་པ་སྟེ་གཙོ་བོར་ཐུན་རེ་རེ་བཞིན་སེམས་འཛིན་དགོས་པས་ཟངས་ཡིག་ཅན་དང༌། སེམས་སྦྱོང་བདུན་གྱི་དོན་ཁྲིད་དྲི་མེད་ཞལ་ལུང་གཞུང་རྣམས་སུ་གསུངས་པའི་དོན་ལ་ཡིད་བཞག་པས་ངེས་འབྱུང་གི་བློ་འཁུལ་ངེས་བྱ། ཁྱད་པར་སེམས་སྦྱོང་ཐ་མ་ལ་ལུས་གནད་ཆོས་བདུན་བཅའ་རླུང་རོ་བསལ་ཏེ་ལུས་སྟོང་གསལ་དབུས་དབུ་མའི་ཡས་མན་གྱི་སྣ་ལ་ཨ་ཧཾ་གསལ་བ་འབར་འཛག་གི་ཞུ་བདེས་འཁོར་ལོ་བཞིར་ཁྱབ་མཐར་སྙིང་གར་ཨ་དཀར་ལ་སེམས་གཏད་ནས་བུམ་ཅན་བཟུང་བ་བདེ་སྟོང༌། ཕྱིའི་ཚོགས་དྲུག་གི་སྣང་བ་ཐམས་ཅད་ནམ་མཁའི་རང་བཞིན་དུ་སྔོ་མེར་གྱིས་ཞུ་བར་བསམས་ལ་རླུང་ཕྱིར་མནན། ཡུལ་སྣང་ནམ་མཁའི་རང་བཞིན་དེ་སྣ་བུག་ནས་ཞུགས་ལྟེ་བར་སྔོ་མེར་གྱིས་ཁེངས། ལུས་ཁམས་ཚ་གྲང་དང་བསྟུན་པའི་རླུང་གི་རེག་བྱ་དེ་ལྟར་དམིགས་པ་གསལ་སྟོང༌། ལུས་གནད་སྔར་ལྟར་ལ། རླུང་རང་བབ་བཞག་སྟེ་སེམས་དུས་གསུམ་གྱི་རྟོག་པས་མ་བསླད་པའི་རང་བབ་ཏུ་འབོལ་ལེ། ཡེངས་མེད་ཧྲིག་གེར་བཞག་པ་ཆོས་ཉིད་རྣམ་པར་མི་རྟོག་པའི་ངང་ལ་སེམས་འཛིན་པ་སྟེ། དེ་རྣམས་གལ་ཆེ་བས་ངག་འདོན་ཁྲིགས་ནས་གསལ་འདེབས་མི་ནུས་པའི་ཕྱིར་དམིགས་རིམ་མདོར་བསྡུས་སྨོས་པ་ལྟར་སེམས་སྦྱང༌།

འདིར་རིག་འཛིན་ཆེན་པོའི་ཁྲིད་རྒྱུན་དུ་སེམས་སྦྱང་དང་པོའི་མཚམས་སྐྱབས་འགྲོ། གཉིས་པར་སེམས་བསྐྱེད། གསུམ་པ་དང་བཞི་པའི་རྗེས་མཎྜལ། ལྔ་པའི་རྗེས་རྡོར་སེམས་སྒོམ་བཟླས། དྲུག་པའི་རྗེས་བླ་མའི་རྣལ་འབྱོར། བདུན་པའི་རྗེས་རླུང་ཐིག་ལ་བསླབ་པ་རྣམས་སྤེལ་ཏེ་བྱེད་པའི་ལུགས་ཀྱང་ཡོད་དོ། །

 

གསུམ་པ་ཐུན་མོང་སྔོན་འགྲོ་བཞི་སྦྱོར་གྱིས་རྒྱུད་དག་པར་བྱེད་པ་ནི།

ཡི་གེ་དམར་རུའི་རྒྱབ་ཡིག་ལས་ཤུགས་བསྟན་དུ་འབྱུང་བ་དང་ཆོས་ཀྱི་རྒྱལ་པོ་སྨིན་གླིང་གཏེར་ཆེན་རིན་པོ་ཆེ་ཡབ་སྲས་ཀྱི་ཕྱག་བཞེས་སུ་མཛད་པ་ལྟར་བཀོད་པ་ལ།

དང་པོ་ལམ་དམན་པ་ལས་ཁྱད་པར་དུ་གྱུར་པ་སྐྱབས་འགྲོ་ལའང་གཉིས། ཀུན་རྫོབ་དང༌། དོན་དམ་གྱི་སྐྱབས་འགྲོའོ།

དང་པོ་ནི།

ས་ཕྱོགས་དག་པའི་ཞིང་ཁམས་ཆེན་པོར་གྱུར་པའི་དབུས་སུ། རང་གི་མདུན་དུ་དཔག་བསམ་གྱི་ལྗོན་ཤིང་ཡལ་ག་ལོ་མ་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པའི་ལྟེ་བར་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་རྩ་བའི་བླ་མ་ཀུན་ཏུ་བཟང་པོ་ལོངས་སྤྱོད་རྫོགས་སྐུའི་རྣམ་པར་བཞུགས་པ་ལ་བརྒྱུད་པའི་བླ་མ་རྣམས་དང༌།

མདུན་གྱི་ཡལ་གར་ཁྱད་པར་གྱི་སངས་རྒྱས་དཔལ་རྡོ་རྗེ་སེམས་དཔའ་ལ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང༌།

གཡས་སུ་ཐུན་མོང་གི་སངས་རྒྱས་སྟོན་པ་ཐུབ་པའི་དབང་པོར་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་སྤྲུལ་སྐུའི་རྣམ་པ་ཅན་རྣམས་ཀྱིས་བསྐོར་བ།

རྒྱབ་ཏུ་ཆོས་དཀོན་མཆོག་གླེགས་བམ་བྲག་རི་བརྩེགས་པ་ལྟ་བུ།

གཡོན་དུ་ཐེག་པ་ཆེ་ཆུང་གི་དགེ་འདུན།

བར་མཚམས་ཀུན་ཏུ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་ཚོགས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པའི་མདུན་དུ།

རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་ཏུ་དྲིལ་ཏེ་སྐྱབས་སུ་འགྲོ་བའི་མོས་པས།

ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །

བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང༌། །

སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །

བདག་སོགས་འགྲོ་དྲུག་གུས་པས་སྐྱབས་སུ་མཆི། །

ཞེས་བརྒྱ་སྟོང་སོགས་ཅི་ནུས་ཀྱི་མཐར།

སྐྱབས་ཡུལ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཏེ་དག་པའི་ཞིང་དུ་འུར་གྱིས་སོང་བར་བསམ།

ཚོགས་ཞིང་རྣམས་དབུས་ཀྱི་བླ་མ་ལ་ཐིམས་དེ་ཡང་རང་ལ་ཐིམ་པར་བསམ་སྟེ་གནས་ལུགས་ཀྱི་སྐྱབས་འགྲོའི་ངང་དུ་ངལ་བསོ།

སྔོན་འགྲོ་འབུམ་ལྔ་གྲངས་གསོག་ན་འདི་གསག་པ་ལེགས་སྙམ། འདི་ལ་ཀཿཐོག་ཚེ་དབང་ནོར་བུའི་ཁྲིད་རྒྱུན་དུ་རང་གི་མདུན་གྱི་ནམ་མཁར་བླ་མ་སྐུ་དངོས་སུ་གསལ་བའི་མཐའ་བསྐོར་དུ་སྐྱབས་ཡུལ་རྣམས་ནམ་མཁའི་སྐར་ཚོགས་བཞིན་བསྒོམ། མཆན། མཐར་དམིགས་མེད་ཀྱི་ངང་དུ་འཇོག་པར་གསུང༌།

གཉིས་པ་ནི།

རང་གི་ལུས་ཀྱི་འཁོར་ལོ་བཞིའི་རྩ་འདབ་དགེ་འདུན། ཐིག་ལེ་ཆོས། རླུང་ལྔའི་དྭངས་མ་ཡེ་ཤེས་ལྔ་ནི་ཉོན་མོངས་པ་ཡེ་ནས་དག་པ་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་དུ་རང་ངོ་ཤེས་ནས་བསྒོམ་སྙམ་དུ།

རླུང་ལྔ་རྣམ་དག་དྭངས་མའི་སྐུ། །

ཉོན་མོངས་རྣམ་དག་ཡེ་ཤེས་ལྔ། །

སྐུ་གསུམ་མཛད་པ་མཐར་ཕྱིན་པའི། །

དཀོན་མཆོག་གསུམ་ལ་རྟོགས་པས་འདུད། །

ཅེས་ལན་ཅི་རིགས་བརྗོད་ལ་འོད་གསལ་གྱི་རང་ངོར་མཉམ་པར་བཞག་གོ །

 

གཉིས་པ་ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་ལ་གཉིས། ཀུན་རྫོབ་དང༌། དོན་དམ་མོ།

དང་པོ་ནི།

དོན་དམ་པར་གཟོད་མ་ནས་རྣམ་པར་དག་ཀྱང༌། ཀུན་རྫོབ་འཁྲུལ་པའི་དབང་གིས་སྡུག་བསྔལ་གྱི་རྒྱུ་འབྲས་བསམ་གྱིས་མི་ཁྱབ་པ་ལ་རྟག་པར་ལོངས་སྤྱོད་པའི་མ་རྒན་སེམས་ཅན་ཐམས་ཅད་གདོད་མའི་མགོན་པོའི་གོ་འཕང་ལ་འགོད་པ་དང༌། རང་གི་རིག་པ་མངོན་སུམ་གྱི་ཡེ་ཤེས་ལམ་སྣང་བ་རྣམ་བཞི་ཉམས་སུ་བླང་སྙམ་པའི་སེམས་སྔ་ན་མེད་པ་བསྐྱེད་ལ།

ཨེ་མ་ཧོ།

མ་རིག་འཇིག་རྟེན་མུན་པའི་ཀློང༌། །

རང་གི་ཐབས་ཤེས་སྒྲོན་མེ་ཡིས། །

རང་ལ་གནས་པའི་ཡེ་ཤེས་དེ། །

བླ་མའི་དྲིན་གྱིས་རྟོགས་པར་བྱའོ། །

ཞེས་ལན་གྲངས་ཅི་ནུས་བརྗོད་ལ་སྨོན་པ་སེམས་བསྐྱེད།

དབྱིངས་ཀ་དག་ཆོས་སྐུ་སྐྱེ་མེད་ནམ་མཁའ་ལྟ་བུ་དང༌། ཡེ་ཤེས་ལྷུན་གྲུབ་རང་རིག་སྐུ་གསུམ་གྱི་ངོ་བོ་སྤྲོས་པའི་མཐའ་བཞི་ལས་འདས་པ་ཚིག་དང་ཡི་གེ་མེད་པའི་དོན། སྨྲ་བསམ་བརྗོད་མེད་ཆེན་པོ་ཉིད་རང་ངོ་ཤེས་པར་བྱ་སྙམ་དུ།

ཨེ་མ་ཧོ། །

སངས་རྒྱས་མཐར་ཐུག་དབྱིངས་རིག་གཉིས། །

སྐུ་གསུམ་ངོ་བོ་མཐའ་བྲལ་གཞི། །

ཚིག་ལས་འདས་པའི་རང་བྱུང་དེ། །

ད་ལྟ་ཉིད་དུ་རྟོགས་པར་བྱའོ། །

ཞེས་ལན་གྲངས་ཅི་ནུས་སུ་བརྗོད་ལ་འཇུག་པའི་སེམས་བསྐྱེད་དོ།

གཉིས་པ་ནི།

དོན་དམ་པར་ཆོས་ཐམས་ཅད་གཟོད་མ་ནས་སྤང་བླང་བཅིང་གྲོལ་མེད་པ་མཉམ་རྫོགས་ཆེན་པོའི་རང་བཞིན་དུ་སངས་རྒྱས་པས་འཁོར་བ་དང་མྱང་འདས། སངས་རྒྱས་དང་སེམས་ཅན། བདག་གཞན་བཟང་ངན་གྱི་དབྱེ་བསལ་མེད་པ་ཡིན་པར་ཤེས་པས་རྒྱུ་འབྲས་ལས་འདས་པ་ཆོས་སྐུའི་དགོངས་པ་རང་ཆས་སུ་ལྷུན་འབྱམས་ཀྱི་ངང་དུ་ལ་བཟླ་བའི་བློས།

བདག་དང་མཐའ་ཡས་སེམས་ཅན་རྣམས། །

ཡེ་ནས་སངས་རྒྱས་ཡིན་པ་ལ། །

ཡིན་པར་ཤེས་པའི་བདག་ཉིད་དུ། །

བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །

ཞེས་བརྗོད་གྲངས་འབུམ་ཕྲག་ལ་འདི་བསག །སྤྲོ་ན་ཀུན་རྫོབ་སེམས་བསྐྱེད་དབུགས་འབྱིན་འཇུག་དང་སྦྱར་བའི་བདེ་སྡུག་གཏོང་ལེན་དང༌། དོན་དམ་སེམས་བསྐྱེད་འཁོར་གསུམ་རང་བཞིན་མེད་པའི་རང་ངོར་མཉམ་པར་བཞག་གོ །

 

གསུམ་པ་སྡིག་སྒྲིབ་སྦྱོང་བྱེད་སྙིང་པོ་རྡོར་སེམས་སྒོམ་བཟླས་ཀྱི་ངག་འདོན་ལ། སྤྱི་དང༌། ཁྱད་པར་རོ།

དང་པོ་སྤྱི་ནི།

རང་ལུས་ཐ་མལ་སྤྱི་གཙུག་ཏུ། །

པད་དཀར་ཟླ་བའི་དཀྱིལ་འཁོར་སྟེང༌། །

ཨ་ལས་རྡོ་རྗེ་སེམས་དཔའ་དཀར། །

རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད། །

རིན་ཆེན་རྒྱན་སྤྲས་སེམས་སྐྱིལ་བཞུགས། །

ཐུགས་ཀར་ཟླ་སྟེང་ཧཱུཾ་གི་མཐར། །

སྙིང་པོ་ཡི་གེ་བརྒྱ་པས་བསྐོར། །

སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན། །

དཀར་ནར་བབས་ཏེ་སྤྱི་བོར་ཞུགས། །

བདག་གི་ལུས་ཀུན་གང་བ་ཡིས། །

སྡིག་སྒྲིབ་དག་ནས་ཤེལ་གོང་ལྟར། །

དྲི་མ་མེད་པའི་ལུས་སུ་གྱུར། །

ཅེས་ངག་ཏུ་བརྗོད་ཅིང་དམིགས་པ་རྩེ་གཅིག་ཏུ་གཅུན་ལ་ཡིག་བརྒྱ་བཟླས་མཐར།

མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས༔

དམ་ཚིག་ལས་ནི་འགལ་ཞིང་ཉམས༔

བླ་མ་མགོན་པོས་སྐྱབས་མཛོད་ཅིག༔

གཙོ་བོ་རྡོ་རྗེ་འཛིན་པ་སྟེ༔

ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན༔

འགྲོ་བའི་གཙོ་ལ་བདག་སྐྱབས་མཆི༔

སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ། །

སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ།

ཞེས་གསོལ་བ་བཏབ་པས།

རྡོ་རྗེ་སེམས་དཔའི་ཞལ་ནས།

རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་དུས་ད་ལྟ་ནས་དག་གོ་ཞེས་གནང་བ་བསྩལ་ཏེ་འོད་དུ་ཞུ་ནས་རང་ལ་ཐིམས་པས་དམིགས་མེད་ཀྱི་ངང་དུ་མཉམ་པར་བཞག །

གཉིས་པ་ནི།

སྐད་ཅིག་གིས་པད་ཟླའི་དབུས་སུ་རང་ཉིད་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ།

གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང༌།

གཡོན་དྲིལ་བུ་དཀུར་བརྟེན་པ།

ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན།

དར་དང་རིན་པོ་ཆེས་བརྒྱན་པའི་སྙིང་ནང་ཟླ་བའི་དབུས་སུ་རྡོ་རྗེ་དཀར་པོ་ཚོན་གང་བ།

ལྟེ་བར་ཧཱུཾ་གིས་མཚན་པའི་མཐའ་བསྐོར་དུ་ཡི་གེ་བརྒྱ་པ་དཀར་སེར་མར་མེ་ལྟ་བུའི་འོད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཏེ་སྣང་བ་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུ།

སྒྲ་སྐད་ཐམས་ཅད་ཡི་གེ་བརྒྱ་པར་བསམ་ལ།

ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། བཛྲ་མཱ་མེ་མུཉྩ། བཛྲི་བྷཱ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨ།

ཞེས་ཅི་འགྲུབ་བཟླས་པའི་རྗེས་ལ་སྣང་བ་ཐམས་ཅད་ཐུགས་ཀའི་ཧཱུཾ་ལ་བསྡུ། ཧཱུཾ་མི་དམིགས་པའི་ངང་ལ་བཞག་སྟེ་བསྔོ་བ་བྱ། ཡིག་བརྒྱ་འབུམ་ཕྲག་ལ་འདི་བསག །

སྐབས་འདིར་རིག་འཛིན་ཆེན་པོའི་ཁྲིད་རྒྱུན་དུ། ཕྱི་བྱ་རྒྱུད་ལྟར་བླ་མ་རྡོ་རྗེ་སེམས་དཔའ་སྤྱི་བོར་སྒོམ་པ་ཞེས།

རང་གི་སྤྱི་བོར་པདྨ་དཀར་པོ་འདབ་བརྒྱད་དེ་ལས་འདབ་མ་གཅིག་ལ་གཅིག་མཐུད་ཀྱི་ཚུལ་དུ་ནམ་མཁའི་མཐས་གཏུགས་པའི་བར་དུ་ཁྱབ་པ། དེ་ལྟ་བུའི་འདབ་མ་རེ་རེའི་འོག་ཏུ་སེམས་ཅན་རེ་རེ་འཁོད་པ།

དེ་རེ་རེའི་སྤྱི་གཙུག་གི་པད་འདབ་སྟེང་དུའང་རྡོ་རྗེ་སེམས་དཔའ་རེ་བཞུགས་པ།

དེ་ཐམས་ཅད་ཀྱང་རྡོར་སེམས་ཡབ་རྐྱང་སེམས་སྐྱིལ་ཅན།

ཐུགས་ཀར་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་འཕྲོས། སངས་རྒྱས་སྲས་བཅས་བསྟིམ།

བཟླས་པ་དང་བདུད་རྩི་འབེབ་སྦྱོང་མཐར།

མགོན་པོ་བདག་ནི་སོགས།

རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །

རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །

རྡོ་རྗེ་སེམས་དཔའ་ཀུན་ཏུ་བཟང༌། །

ཕྱག་འཚལ་རྡོ་རྗེ་སེམས་དཔའ་ལའོ།

ཤོ་ལོ་ཀས་བསྟོད། རྡོ་རྗེ་སེམས་དཔས་དབུགས་དབྱུང་སྟེ།

གཉིས་པ་ནང་སྤྱོད་རྒྱུད་ལྟར་སྙིང་གར་སྒོམ་པ་དང་སྦྲེལ་ན།

རང་གི་སྤྱི་བོར་བཞུགས་པའི་མུ་ནས་སྐུའི་བྱིན་རླབས་བདུད་རྩི་བྱང་ཆུབ་སེམས་ཀྱི་རྣམ་པར་སླར་ཡང་བབས།

མགྲིན་པ་ཡན་ཆད་གང༌། ལུས་ཀྱི་སྡིག་སྒྲིབ་དག །སྐུའི་བྱིན་རླབས་ཐོབ་པར་བསམ།

ཡང་རྡོར་སེམས་མགྲིན་པར་བྱོན་གསུང་གི་བྱིན་རླབས་བདུད་རྩིའི་རྣམ་པར་བབས། སྙིང་ག་ཡན་ཆད་གང༌། ངག་གི་སྒྲིབ་པ་དག །གསུང་གི་བྱིན་རླབས་ཐོབ་པར་བསམ།

ཡང་སྙིང་གར་བྱོན་ཐུགས་ཀྱི་བྱིན་རླབས་བདུད་རྩིའི་རྣམ་པར་བབས། ལྟེ་བ་ཡན་ཆད་གང༌། ཡིད་ཀྱི་སྒྲིབ་པ་དག །ཐུགས་ཀྱི་བྱིན་རླབས་ཐོབ་པར་མོས།

འདི་ལ་ཡུན་རིང་དུ་འབད། དེ་དག་གི་སྐབས་སུ་ཡིག་བརྒྱ་བཟླ།

གསུམ་པ་གསང་བ་རྣལ་འབྱོར་རྒྱུད་ལྟར་སེམས་དཔའ་སུམ་བརྩེགས་སུ་སྒོམ་པ་དང་སྦྲེལ་ན།

བདུད་རྩིས་ལུས་ཐམས་ཅད་གང༌། སྒྲིབ་པ་མཐའ་དག་དག །

རྣམ་སྨིན་གྱི་ཕུང་པོ་གནས་གྱུར་ནས་རང་ཉིད་རྡོ་རྗེ་སེམས་དཔར་གྱུར་པའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ།

དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཧཱུཾ།

དེ་ལ་དམིགས་ནས་ཡིག་བརྒྱ་བཟླ།

བཞི་པ་ཡང་གསང་བླ་མེད་ལྟར་ཁྱེར་སོ་གསུམ་དུ་བསྒོམ་པ་དང་སྦྲེལ་ན།

དེའི་མཐར་སྣང་གྲགས་རིག་གསུམ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་སུ་མོས་ཏེ།

ཡིག་དྲུག་བཟླ།

ལྔ་པ་དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས་སུ་ལ་བཟླ་བ་ནི།

དམིགས་བྲལ་ཀ་དག་གི་ངང་དུ་མཉམ་པར་བཞག་པར་གསུངས།

རྡོར་སེམས་ཕྱི་ནང་གསང་སྒྲུབ་མན་ངག་རེ་རེ་བཞིན་ཁོལ་འདོན་བྱས་ཀྱང་རུང་བས་སྐབས་དེར་ཐོག་མཐར་སྐྱབས་སེམས་བསྔོ་སྨོན་སྦྱོར་ཞིང༌། ཡང་ན་མཐར་ཆགས་དཀྱུས་གཅིག་ཏུ་གཏང་བ་སྐབས་གང་བདེ་བྱ་ཆོག་པར་མངོན་ནོ། །

 

བཞི་པ་ཚོགས་གཉིས་རྫོགས་བྱེད་མཎྜལ་ལ་གསུམ།

དང་པོ་སྤྲུལ་སྐུའི་མཎྜལ་ནི།

ཚོགས་ཞིང་མདུན་དུ་རྡོ་རྗེའི་ཞིང་ཁམས་ཆེན་པོ་རྣམ་པར་དག་པ་རིན་པོ་ཆེའི་རི་རབ་གླིང་བཞི་དང་བཅས་པའི་རྩེ་མོར་པད་ཟླའི་གདན་ལ་རྩ་བའི་བླ་མ་སྤྲུལ་སྐུའི་རྣམ་པ་ཅན་དགོངས་བརྡའ་སྙན་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་བ།

གླིང་དང་གླིང་བར་རྣམས་སུ་ཁྱད་པར་གྱི་དཀོན་མཆོག་ཡིད་དམ། ཐུན་མོང་གི་དཀོན་མཆོག་སངས་རྒྱས། དམ་ཆོས་དང༌། དགེ་འདུན། མཁའ་གྲོ་ཆོས་སྐྱོང་ནོར་ལྷའི་ཚོགས་བཅས་བཞུགས་པར་མོས།

དེ་ལྟར་ལེགས་པར་བཤམས་པའི་མཎྜལ་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་འབུལ་བར་མོས་ཏེ། སེམས་ཀྱི་རང་བཞིན་དག་པའི་བརྡར་མཎྜལ་ལན་གསུམ་ཕྱིས། བྱང་སེམས་ཀྱི་རླན་མི་ཡལ་བའི་ཕྱིར་དྲི་བཟང་དང་བ་བྱུང་ཆུས་བྱུག །ཚོམ་བུ་རབ་བཞི་བཅུ་རྩ་གཅིག །འབྲིང་ཉེར་གསུམ། བསྡུ་ན་དགུ་གང་འོས་བཀོད་ལ། རིགས་ལྔ་གངས་ཆེན་མཚོའི་ཞིང་ཁམས་སྣོད་བཅུད་ཀྱི་འབྱོར་པ་མཐའ་ཀླས་པས་ཆད་པ་མེད་པར་འབུལ་བར་བསམ་པས།

ཨོཾ་ཨཱཿཧཱུྃ།

དབང་ཆེན་གསེར་གྱི་ས་གཞི།

རིའི་རྒྱལ་པོ་རི་རབ།

ཤར་ལུས་འཕགས་པོ།

ལྷོ་འཛམ་བུའི་གླིང༌།

ནུབ་བ་གླང་སྤྱོད།

བྱང་སྒྲ་མི་སྙན།

ལུས་དང་ལུས་འཕགས།

རྔ་ཡབ་དང་རྔ་ཡབ་གཞན།

གཡོ་ལྡན་དང་ལམ་མཆོག་འགྲོ།

སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ།

གསེར་གྱི་རི་བདུན།

རོལ་པའི་མཚོ་བདུན།

རྒྱལ་སྲི་རིན་པོ་ཆེ་སྣ་བདུན།

བཀྲ་ཤིས་ཀྱི་རྫས་བརྒྱད།

གཏེར་གྱི་བུམ་པ།

དཔག་བསམ་གྱི་ཤིང༌།

མ་རྨོས་པའི་ལོ་ཐོག །

ཡིད་དུ་འོང་བའི་འདོད་ཡོན།

ཤིན་ཏུ་མཛེས་པའི་ལྷ་མོ།

ཉི་མ། ཟླ་བ།

དབུས་སུ་ལྷ་དང་མི་ཡི་འདོད་ཡོན་མ་ཚང་བ་མེད་པ།

འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལེགས་པར་བཀོད་དེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ།

རིགས་ལྔ་གང་ཆེན་མཚོའི་སྐུ་དང་གསུང་དང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་བརྟེན་པའི་ཞིང་ཁམས་རབ་འབྱམས་མཐའ་ཀླས་པ་ཚངས་ཆེན་བསྐལ་པ་ཆེན་པོས་ལེགས་པར་བརྒྱན་པ་འདི་ཉིད་བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ།

ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ཆེན་པོ་བསམ་གྱིས་མི་ཁྱབ་པར་དམིགས་ཏེ་འབུལ་ལོ།

ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་རི་རབ་གླིང་བཞིའི་འཇིག་རྟེན་ཁམས། །

ལྷ་དང་མི་ཡི་འདོད་ཡོན་ཕུན་ཚོགས་བདེ་གཤེགས་མཆོད་པའི་སྤྲིན་ཕུང་ཅན། །

ཚངས་ཆེན་བསྐལ་པས་ལེགས་པར་བརྒྱན་ཏེ་དགེ་ལེགས་རྒྱ་མཚོའི་བསོད་ནམས་ཞིང༌། །

བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །

རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན། །

རྒྱལ་བའི་འབྱོར་ཚོགས་དཔག་མེད་དང་ལྡན་པ། །

དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལ་བས། །

རང་བཞིན་སྤྲུལ་སྐུའི་ཞིང་ལ་སྤྱོད་པར་ཤོག །

ཅེས་ཚོམ་བུ་གསོ་ཞིང་ཤོ་ལོ་ཀ་ཕྱི་མ་ལ་གྲངས་བཟུང༌།

གཉིས་པ་ལོངས་སྐུའི་མཎྜལ་ནི།

ཚོགས་ཞིང་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་གཞི་དང་རྒྱ་ཚད་རྒྱན་བཀོད་པའི་ཁྱད་པར་བསམ་གྱིས་མི་ཁྱབ་པར་བླ་མ་ལོངས་སྐུ་རིགས་ལྔ་འཁོར་དཔག་ཏུ་མེད་པ་དང་བཅས་པ་བཞུགས་པར་མོས་ལ།

ཚོམ་བུ་རྒྱས་པར་ཉེར་ལྔ། འབྲིང་ལ་བཅུ་གསུམ། བསྡུ་ན་བདུན་བཀོད་དེ། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་ཤིང་མཆོད་པའི་ལྷ་མོ་མཐའ་ཡས་པའི་སྤྲིན་འཕྲོ་བས་རྟག་པ་རྒྱུན་གྱི་འཁོར་ལོར་མཆོད་བར་བསམ།

ཨོཾ་ཨཱཿཧཱུྃ།

འོག་མིན་གྱི་གནས་རྣམ་དག་སྟུག་པོ་བཀོད་པ་བདེ་བའི་ཞིང༌།

ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པའི་ཞིང་ཁམས་ན།

ཤིན་ཏུ་ཡིད་དུ་འོང་བའི་གཞལ་མེད་ཁང་ཆེན་པོ།

སྒོ་བཞི་གྲུ་བཞི་རྟ་བབས་བཞི་དང་ལྡན་པ།

རིན་པོ་ཆེའི་གདུགས།

ཆོས་ཀྱི་འཁོར་ལོ་ཤིན་ཏུ་མཛེས་པའི་རི་དྭགས།

ལྷའི་གོས་རྣམ་པར་རྒྱལ་བའི་རྒྱལ་མཚན།

ཡིད་དུ་འོང་བའི་འཕན་ཟླ་བ་རླུང་གིས་བསྐྱོད་པ།

རྔ་ཡབ་ནོར་བུའི་ཡུ་བ་ཅན།

གསེར་གྱི་དྲིལ་བུ་གཡེར་ཁའི་ཕྲེང་བ།

རྡོ་རྗེ་དང་ནོར་བུ་རིན་པོ་ཆེའི་ཏོག །

རྩིག་པ་ལྔ་དང་ལྡན་པའི་སྟེང་ན་རིན་པོ་ཆེའི་ཕ་གུ །

ནོར་བུ་སྣ་ཚོགས་ཀྱི་དྲྭ་ཕྱེད།

རྡོ་ཀྲ་མ་ཤཱིརྵི་མདའ་ཡབ།

རིན་པོ་ཆེའི་དྲྭ་མིག །

གསེང་མའི་པུ་ཤུ།

རབ་ཏུ་མཐོ་བའི་ཕྱུར་བུ།

འདོད་ཡོད་གྱི་སྣམ་བུ།

སྒེག་མོ་མ།

ཕྲེང་བ་མ།

གླུ་མ།

གར་མ།

མེ་ཏོག་མ།

བདུག་སྤོས་མ།

སྣང་གསལ་མ།

དྲི་ཆབ་མ།

ཞལ་ཟས་མ།

སིལ་སྙན་མ།

མཆོད་པའི་སྤྲིན་ཕུང་ཆེན་པོ་བསམ་གྱིས་མི་ཁྱབ་པས་ཕྱི་ནང་ཀུན་ཏུ་ཡང་ལེགས་པར་བརྒྱན་ཏེ་བཀོད་པའི་གནས་ཚངས་པ་རྔ་སྒྲའི་ཞིང་ཁམས་ཆེན་པོ།

ཡེ་ཤེས་རིན་པོ་ཆེ་སྤྲིན་གྱི་དྲྭ་བས་ལེགས་པར་བརྒྱན་པ་འདི་ཉིད།

བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་རྟག་པ་རྒྱུན་གྱི་འཁོར་ལོར་འབུལ་ལོ། །

བདེ་ཆེན་གནས་ནི་ཤིན་ཏུ་མཐའ་ཡས་བཀོད་པའི་སྤྲིན་གྱི་འོད་ཟེར་ཅན། །

སྒོ་བཞི་གྲུ་བཞི་རྟ་བབས་བཞི་ལྡན་ཡེ་ཤེས་རྣམ་ལྔའི་རྩིག་པས་བརྒྱན། །

སྒེག་མོ་ཕྲེང་ཐོག་རིན་ཆེན་གླུ་གར་མཆོད་པའི་སྤྲིན་གྱི་འོད་འཕྲོ་བ། །

བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །

འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང༌། །

སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་བྲེ་ཅན། །

ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས། །

ལྷུན་གྲུབ་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག

ཤོ་ལོ་ཀ་ཕྱི་མ་ལ་གྲངས་བཟུང་ཞིང་འབུལ་ལོ།

གསུམ་པ་ཆོས་སྐུའི་མཎྜལ་ནི།

ཚོགས་ཞིང་ཆོས་སྐུ་ཐིག་ལེ་ཉག་གཅིག་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་སུ་བླ་མ་ཆོས་སྐུ་གདོད་མའི་མགོན་པོ་འཁོར་རང་སྣང་ཡེ་ཤེས་རྒྱ་མཚོའི་ཚོགས་དང་བཅས་རང་གསལ་ལྷུན་གྲུབ་ཏུ་བཞུགས་པར་མོས་ལ།

ཚོམ་བུ་རྒྱས་པར་ཉེར་ལྔ། འབྲིང་ལ་ལྔ། བསྡུ་ན་གསུམ་བཀོད་དེ། ཆོས་ཉིད་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་ཆེན་པོར་རིག་གདངས་སྐུ་དང་ཐིག་ལེའི་སྣང་བ་འབྱམས་ཀླས་པ་མཆོད་བྱ་མཆོད་བྱེད་མེད་པར་རང་བྱུང་རང་ཤར་རང་ཐིམ་དུ་འབུལ་བར་བསམ་ལ།

ཨོཾ་ཨཱཿཧཱུྃ།

ཆོས་ཉིད་འོད་གསལ་གྱི་ཞིང་ཁམས་གདོད་མ་ནས་ངོ་བོ་ཉིད་ཀྱིས་རྣམ་པར་དག་ཅིང༌།

ནམ་མཁའ་ལྟར་སྟོང་ལ་མཐའ་དབུས་མེད་པ།

ཉི་ཟླ་ལྟར་བཀྲ་ཞིང་ལྷུན་གྱིས་གྲུབ་པ།

འཁོར་བ་དང་མྱ་ངན་ལས་འདས་པ་གང་དུ་ཡང་མ་བྱེད་མི་འབྱེད་འབྱེད་པ་མེད་པའི་རང་བཞིན།

སངས་རྒྱས་ཀྱི་ཞིང་དང་འགྲོ་བ་དྲུག་གི་རྣམ་པར་འཕྲུལ་པ་དཔག་ཏུ་མེད་པའི་འབྱུང་གནས་ཆེན་པོ།

ལྷུན་གྲུབ་རིན་པོ་ཆེའི་སྦུབས།

སྐུ་གསུམ་འདུ་འབྲལ་མེད་པའི་ཀློང༌།

དུས་བཞི་མཉམ་པ་ཉིད་ཀྱི་ཡེ་ཤེས།

གཞོན་ནུ་བུམ་པ་སྐུའི་ཞིང་ཁམས་ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ།

སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། ལྗང་ཁུའི་འོད་ཟེར་ཕྱོགས་བཅུར་འཕྲོ་ཞིང༌།

ནམ་མཁའི་མཐའ་ཀླས་པར་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཆེན་པོས་ལེགས་པར་བརྒྱན་པའི་བཀོད་པ་ཚད་མེད་པའི་མངའ་ཐང་ཆེན་པོ་ལ་དབང་འབྱོར་བ།

འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས། རང་བཞིན་གྱིས་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པ་འདི་ཉིད།

བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ།

དགོངས་ཀློང་རྣམ་པར་དག་པའི་ངང་དུ་ཡེ་ཤེས་ཀྱི་མཆོད་པ་དམ་པར་འབུལ་ལོ། །

གདོད་ནས་རྣམ་དག་འོད་གསལ་ཞིང་ནི་མ་སྐྱེས་ལྷུན་རྫོགས་འདུས་མ་བྱས། །

སྣ་ཚོགས་མི་དམིགས་སྤྲོས་ཀུན་ཉེར་ཞི་ཡེ་ཤེས་རྣམ་ལྔའི་གཞལ་ཡས་ཁང༌། །

སྐུ་གསུམ་མཛད་པའི་འོད་ཟེར་དང་བཅས་རང་བཞིན་ལྷུན་གྱིས་གྲུབ་པའི་གནས། །

བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །

འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང༌། །

སྐུ་དང་ཐིག་ལེས་ཡེ་ནས་བརྒྱན་པ་འདི། །

རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས། །

ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག །

ཅེས་ཤོ་ལོ་ཀ་ཕྱི་མ་ལ་གྲངས་བཟུང༌།

མཐར་མཎྜལ་འབུལ་ཡུལ་མཆོད་རྫས་བཅས་ཧཱུྃ་སྔོན་པོའི་རྣམ་པར་བསྡུས། དེ་ཡང་རང་ལ་ཐིམ་པར་བསམ་ཞིང་ཚོགས་ཆེན་ལྷུན་རྫོགས་ཀྱི་ངང་དུ་བཞག །ཁྲིད་གཞུང་དུ་སྐུ་གསུམ་གྱི་མཎྜལ་གྱི་ཚོགས་ཞིང་སྐྱབས་འགྲོའི་སྐབས་ལྟར་གསལ་ཡང་རུང་བར་གསུངས་པ་ནི་དམིགས་པའི་རྣམ་གྲངས་མང་པོ་མི་འཆུན་པ་དང་སྤྱི་མཐུན་གྱི་ཕྱག་ལེན་སྟབས་བདེ་བ་ལ་དགོངས་པས་རྒྱུན་གྱི་ཉམས་ལེན་ལ་དེ་ལྟར་རུང་ཞིང༌། གྲངས་འབུམ་ཕྲག་སོགས་བསག་ན་ཚིག་རྐང་ཕྱི་མ་རྣམས་ཁྲི་གསུམ་ལྷག་རེ་དང་ཆབས་ཅིག་སྤྱི་མཐུན་ཁྲི་གཅིག་ཁ་སྐོང་བཅས་བསགས་པས་རུང་ངོ་སྙམ།

 

ལྔ་པ་བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ལ། སྤྱི་དང༌། ཁྱད་པར་གཉིས།

དང་པོ་ལ།

ཚོགས་ཞིང་གསལ་འདེབས་པ་ནི།

སྣོད་བཅུད་དག་པའི་ཞིང་ཁམས་ཆེན་པོའི་དབུས། །

རང་མདུན་ནམ་མཁའ་ཡེ་ཤེས་འོད་ལྔའི་ཀློང༌། །

སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ། །

སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང༌། །

དབྱེར་མེད་གདོད་མའི་མགོན་པོ་ཀུན་ཏུ་བཟང༌། །

མཐིང་གསལ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་ཅན། །

དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །

སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་དང༌། །

མཐའ་སྐོར་མཆོག་གསུམ་མཁའ་གྲོ་ཆོས་སྲུང་ཚོགས། །

སྣང་སྟོང་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུ། །

གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་སྤྲིན། །

གང་འདུལ་མོས་ངོར་ཅིར་ཡང་འཆར་བར་གྱུར། །

ཞེས་གསལ་བཏབ་སྒོ་གསུམ་འཇུག་པ་གཅིག་དྲིལ་གྱི་མོས་གུས་རྩེ་གཅིག་པས། སྤྲོ་ན་བླ་མ་ཡང་ཏིག་གི་བརྒྱུད་པའི་གསོལ་འདེབས་ཡིད་བཞིན་སྤྲིན་ཚོགས་དང༌། བསྡུ་ན།

ཨོཾ་ཨཱཿཧཱུྃ།

གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་དང་། །

ལྷུན་གྲུབ་རྒྱལ་བ་ཞི་ཁྲོ་རབ་འབྱམས་དང་། །

བདེ་ཆེན་རྒྱལ་བ་རྡོ་རྗེ་འཆང་ཆེན་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

ཀ་དག་ལྷུན་གྲུབ་ཟབ་མོའི་གནས་ལུགས་མཆོག །

ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །

 

ཡེ་ཤེས་སྒྱུ་མ་རྡོ་རྗེ་སེམས་དཔའ་དང་། །

དཀྱིལ་འཁོར་མངའ་བདག་ཕྱག་ན་རྡོ་རྗེ་དང་། །

རྒྱལ་བའི་རྣམ་འཕྲུལ་དགའ་རབ་རྡོ་རྗེ་ལ། །

གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །

ཀ་དག་ལྷུན་གྲུབ་ཟབ་མོའི་གནས་ལུགས་མཆོག །

ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །

 

མཁྱེན་རབ་སྤྲུལ་པ་འཇམ་དཔལ་བཤེས་གཉེན་དང་། །

བློ་མཆོག་མངའ་བ་ཤྲཱི་སིངྷ་དང་། །

དངོས་གྲུབ་མཆོག་བརྙེས་ཛྙཱ་ན་སཱུ་ཏྲ་ལ། །

གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །

ཀ་དག་ལྷུན་གྲུབ་ཟབ་མོའི་གནས་ལུགས་མཆོག །

ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །

 

མཁས་གྲུབ་ཆེན་པོ་བི་མ་མི་ཏྲ་དང་། །

རང་བྱུང་ཆེན་པོ་པདྨ་འབྱུང་གནས་དང་། །

ཚོགས་ཆེན་གཉིས་རྫོགས་ཆོས་རྒྱལ་ཆེན་པོ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

ཀ་དག་ལྷུན་གྲུབ་ཟབ་མོའི་གནས་ལུགས་མཆོག །

ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །

 

སེམས་ཉིད་དབང་ཐོབ་ཏིང་འཛིན་བཟང་པོ་དང་། །

ཐར་གླིང་སྣང་བྱེད་ལྡང་མ་ལྷུན་རྒྱལ་དང་། །

འོད་གསལ་ལུས་གྲུབ་སེང་གེ་དབང་ཕྱུག་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

ཀ་དག་ལྷུན་གྲུབ་ཟབ་མོའི་གནས་ལུགས་མཆོག །

ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །

 

ཆོས་ཉིད་མི་གཡོ་རྒྱལ་བ་ཞང་སྟོན་དང་། །

གསུང་རབ་མཛོད་བརྙེས་མཁས་པ་ཉི་འབུམ་དང་། །

དམ་ཆོས་རྒྱས་མཛད་གུ་རུ་ཇོ་འབེར་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

ཀ་དག་ལྷུན་གྲུབ་ཟབ་མོའི་གནས་ལུགས་མཆོག །

ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །

 

གཟུང་འཛིན་འཁྲུལ་ཞིག་སེང་གེ་རྒྱབ་པ་དང་། །

དངོས་གྲུབ་མཆོག་བརྙེས་གྲུབ་ཆེན་མེ་ལོང་དང་། །

རིག་འཛིན་ཆེན་པོ་ཀུ་མཱ་རཱ་ཛ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

ཀ་དག་ལྷུན་གྲུབ་ཟབ་མོའི་གནས་ལུགས་མཆོག །

ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །

 

འོད་གསལ་སྒྱུ་མ་ཀློང་ཆེན་རབ་འབྱམས་དང་། །

མཁས་གྲུབ་ཆེན་པོ་ཁྱབ་བརྡལ་ལྷུན་གྲུབ་དང་། །

སྤྲུལ་པའི་སྐུ་མཆོག་གྲགས་པ་འོད་ཟེར་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

ཀ་དག་ལྷུན་གྲུབ་ཟབ་མོའི་གནས་ལུགས་མཆོག །

ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །

 

འཁྲུལ་ཞིག་ཆེན་པོ་སངས་རྒྱས་དབོན་པོ་དང་། །

རྒྱལ་བའི་གདུང་འཚོབ་ཟླ་བ་གྲགས་པ་དང་། །

གྲུབ་པའི་དབང་ཕྱུག་ཀུན་བཟང་རྡོ་རྗེ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

ཀ་དག་ལྷུན་གྲུབ་ཟབ་མོའི་གནས་ལུགས་མཆོག །

ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །

 

སྙིང་པོའི་མངའ་བདག་རྒྱལ་མཚན་དཔལ་བཟང་དང་། །

རྒྱལ་བས་ལུང་བསྟན་སྣ་ཚོགས་རང་གྲོལ་དང་། །

འཁོར་འདས་རྒྱ་གྲོལ་བསྟན་འཛིན་གྲགས་པ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

ཀ་དག་ལྷུན་གྲུབ་ཟབ་མོའི་གནས་ལུགས་མཆོག །

ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །

 

ཤེས་བྱ་ཀུན་གཟིགས་མདོ་སྔགས་བསྟན་འཛིན་དང་། །

གསང་བདག་དཔའ་བོ་ཕྲིན་ལས་ལྷུན་གྲུབ་དང་། །

བརྒྱུད་སྲོལ་ཀུན་འདུས་གཏེར་ཆེན་བླ་མ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

ཀ་དག་ལྷུན་གྲུབ་ཟབ་མོའི་གནས་ལུགས་མཆོག །

ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །

 

བི་མའི་རྣམ་འཕྲུལ་རིན་ཆེན་རྣམ་རྒྱལ་དང་། །

མཚོ་རྒྱལ་དངོས་སྣང་མི་འགྱུར་དཔལ་སྒྲོན་དང་། །

ཐམས་ཅད་མཁྱེན་པ་ཨཽ་ཌཱི་ཡཱ་ན་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

ཀ་དག་ལྷུན་གྲུབ་ཟབ་མོའི་གནས་ལུགས་མཆོག །

ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །

 

རིག་འཛིན་འགྱུར་མེད་ཕྲིན་ལས་རྣམ་རྒྱལ་དང་། །

གདོད་མའི་མགོན་པོ་ཕྲིན་ལས་ཆོས་སྒྲོན་དང་། །

ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས།

ཀ་དག་ལྷུན་གྲུབ་ཟབ་མོའི་གནས་ལུགས་མཆོག །

ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །

 

བཻ་རོ་དངོས་སྣང་ཡོན་ཏན་རྒྱ་མཚོ་དང༌། །

སྣང་བཞི་མཐར་སོན་སྣ་ཚོགས་རང་གྲོལ་དང༌། །

ཐེག་མཆོག་ཤིང་རྟ་ཆོས་ཀྱི་རྒྱ་མཚོའི་ཞབས། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

ཀ་དག་ལྷུན་གྲུབ་ཟབ་མོའི་གནས་ལུགས་མཆོག །

ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །

 

དགོངས་ཀློང་ཚད་ཕེབས་པདྨ་བསྟན་འཛིན་དང༌། །

རྡོ་རྗེ་འཆང་དངོས་ཆོས་ཀྱི་བློ་གྲོས་དང༌། །

བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །

ཀ་དག་ལྷུན་གྲུབ་ཟབ་མོའི་གནས་ལུགས་མཆོག །

ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །

 

རེ་དོགས་བློ་ཟད་འཁོར་འདས་ཆོས་སྐུར་གྲོལ། །

ལྷུན་གྲུབ་འོད་གསལ་ཟང་ཐལ་རིག་པར་ཤར། །

སྐུ་གསུམ་རྩལ་རྫོགས་འཕོ་འགྱུར་མེད་པར་རྟོགས། །

བདག་གཞན་ཡོངས་གྲོལ་ཀུན་བཟང་ཐོབ་པར་ཤོག །

 

སླར་ཡང་རྩ་བའི་བླ་མར་ཕུར་ཚུགས་སུ་གསོལ་བ་འདེབས་པ་ནི།

ཀྱེ་བླ་མ་རྡོ་རྗེ་འཛིན་པ་ནི། །

ཁམས་གསུམ་འཁོར་བའི་གཉེན་གཅིག་པུ། །

འགྲོ་བ་སྐྱབས་མེད་རྣམས་ཀྱི་སྐྱབས། །

ཐར་པའི་ཐེམ་སྐས་ཆེན་པོ་སྟེ། །

མ་རིག་སེལ་བའི་སྒྲོན་མེ་ལ། །

མུན་པའི་ཚོགས་བདག་སྐྱབས་སུ་མཆི། །

འཁོར་བ་འདམ་གྱི་མཚོ་ནང་དུ། །

བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །

ཉོན་མོངས་མེ་ཡིས་གདུངས་པ་ལ། །

ཐུགས་རྗེའི་ཆར་གྱིས་བསིལ་བར་མཛོད། །

བླ་མ་སངས་རྒྱས་རིན་པོ་ཆེ། །

བདག་ལ་རེ་ས་གཞན་ན་མེད། །

དེང་ནས་བྱང་ཆུབ་སྙིང་པོའི་བར། །

སྐྱིད་སྡུག་རེ་ལྟོས་ཁྱེད་མཁྱེན་པས། །

མགོན་མེད་བདག་ལ་ཐུགས་རྗེས་གཟིགས། །

ནད་གདོན་བགེགས་དང་བར་ཆད་སོལ། །

སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས། །

མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །

ཅེས་པས་མོས་གུས་ཀྱི་ཉམས་མ་སྐྱེས་བར་དུ་གསོལ་བ་བཏབ་པའི་མཐར་དབང་བླང་བ་ནི།

འཁོར་གྱི་ལྷ་ཚོགས་རྣམས་རྩ་བའི་བླ་མའི་སྐུ་ལ་ཐིམ་པས་བླ་མ་སྔར་བས་ཀྱང་གཟི་བྱིན་ཆེར་འབར་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་འོད་འབར་བས་མཚན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་གྱུར།

བདག་དང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དབང་བཞིའི་ཆུ་བོས་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ།

ཞེས་གསོལ་བ་བཏབ་པས།

གུ་རུའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས།

རང་གི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ།

ལུས་ཀྱི་དྲི་མ་སྦྱངས།

ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌།

འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས།

མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས།

རང་གི་མགྲིན་པར་ཐིམ་པས་གསང་བའི་དབང་ཐོབ།

ངག་གི་དྲི་མ་སྦྱངས།

ལམ་རྩ་རླུང་བསྒོམ་པ་ལ་དབང༌།

འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས།

ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས།

རང་གི་སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ།

ཡིད་ཀྱི་དྲི་མ་སྦྱངས།

ལམ་ཐིག་ལེ་བསྒོམ་པ་ལ་དབང༌།

འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས།

སླར་ཡང་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས།

རང་གི་གནས་གསུམ་དུ་ཐིམ་པས་དབང་བཞི་པ་ཐོབ།

ཡེ་ཤེས་ཀྱི་དྲི་མ་སྦྱངས།

ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང༌།

འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ།

སླར་ཡང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སྐུ་བཞིའི་བདག་ཉིད་དཔལ་ལྡན་བླ་མ་དམ་པ་ལ་གསོལ་བ་འདེབས་སོ། །

བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ།

ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ།

ཀ་དག་གནས་ལུགས་ཀྱི་ལྟ་བ་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ།

ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ།

ཞེས་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས་བླ་མ་འོད་ལྔའི་གོང་བུར་གྱུར་པ་རང་གི་ཚངས་བུག་ནས་སིབ་ཀྱིས་ཐིམ་པས། རང་གི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེར་མེད་པར་གྱུར་བསམ་ལ་བློ་འདས་གཉུག་མའི་རང་ངོ་ལ་མཉམ་པར་བཞག་གོ །

 

གཉིས་པ་ནི། ཡང་ཏིག་ཡིད་བཞིན་ནོར་བུའི་བླ་མའི་རིམ་པ་དངོས་གྲུབ་རྒྱ་མཚོ་ལྟར་ཉམས་སུ་ལེན་པ་ནི།

ཨོཾ་ཨཱཿཧཱུྃ།

ངན་འགྲོའི་འཇིགས་པ་སྐྱོབ་མཛད་པ། །

དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །

ངེས་པའི་དོན་དུ་སེམས་བསྐྱེད་ནས། །

འགྲོ་ལ་ཕན་ཕྱིར་བླ་མ་བསྒོམ། །

ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པའི་ངང་ལས།

རང་གི་སྤྱི་བོར་པདྨ་དཀར་པོ་དང་ཉི་ཟླ་གའུ་ཁ་སྦྱོར་བསམ་པའི་ནང་ན་ཨ་དཀར་པོ་ལས་འོད་འཕྲོས་པས་རྩ་བའི་བླ་མ་སྤྱན་དྲངས་ནས།

སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་ལ་བརྒྱུད་པའི་བླ་མ་དང་ཆོས་འབྲེལ་ཡོད་ཚད་ཐམས་ཅད་ཐིམ་པའི་མཐར། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་འགྲོ་དམ་ཅན་རྒྱ་མཚོས་བསྐོར་བ་སྤྲིན་ཕུང་འཐིབས་པ་ལྟར་བསམ།

འདིར་ཡིད་ཀྱིས་མཆོད་ཅིང་བསྟོད་པར་གསུངས་པས་དེ་ཁོ་ནས་ཆོག་ཀྱང་ད་ལྟའི་གང་ཟག་ཕལ་ཆེར་ལ་ངག་འདོན་མེད་ན་རྣམ་པ་མི་གསལ་བས་དེ་ལྟར་ན།

ཨོཾ་ཨཱཿཧཱུྃ།

ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །

སྐྱེ་མེད་བླ་མ་གཤེགས་སུ་གསོལ། །

ལོངས་སྤྱོད་རྫོགས་སྐུའི་ཕོ་བྲང་ནས། །

གསལ་དག་བླ་མ་གཤེགས་སུ་གསོལ། །

སྤྲུལ་པ་སྐུ་ཡི་ཕོ་བྲང་ནས། །

ཐུགས་རྗེ་ཅན་རྣམས་གཤེགས་སུ་གསོལ། །

འཇའ་དང་འོད་དུ་ཀྱི་ལི་ལི། །

སྐུ་དང་ཐིག་ལེ་ཤིགས་སེ་ཤིག །

སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །

བདག་དང་དབྱེར་མེད་བརྟན་པར་བཞུགས། །

ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །

ཕྱི་ནང་གསང་གསུམ་མཆོད་པ་འབུལ། །

སྐུ་གསུང་ཐུགས་ཀྱི་ཉམས་ཆག་བཤགས། །

སྨིན་གྲོལ་དབང་དང་གདམས་པ་ཞུ། །

ཨོཾ།

སྐུ་སྐྱེ་བ་མེད་པ་གསལ་ལ་དྭངས། །

རྡོ་རྗེའི་སྐུ་ལ་གསོལ་བ་འདེབས། །

ལུས་ལ་བདེ་བར་བྱིན་གྱིས་རློབས། །

ཨཱཿ

གསུང་འགགས་པ་མེད་པ་ཆོས་ཀྱི་སྒྲ། །

ཨཱ་ལི་ཀཱ་ལིར་གསོལ་བ་འདེབས། །

ངག་ལ་ནུས་པར་བྱིན་གྱིས་རློབས། །

ཧཱུྃ།

ཐུགས་ཀ་དག་ཆེན་པོ་ཀུན་བཟང་ཀློང༌། །

ཅིར་མི་དགོངས་ལ་གསོལ་བ་འདེབས། །

ཟད་སར་འཁྱོལ་བར་བྱིན་གྱིས་རློབས། །

ཞེས་ཆོས་སྤྱོད་ཆེན་མོ་ནས་འབྱུང་བ་ལྟར་བརྗོད།

དེ་ནས།

བླ་མ་རྡོ་རྗེ་འཛིན་པ་ནི། །

ཁམས་གསུམ་འཁོར་བའི་གཉེན་གཅིག་པུ། །

འགྲོ་བ་མགོན་མེད་རྣམས་ཀྱི་སྐྱབས། །

ཐར་པའི་ཐེམ་སྐས་ཆེན་པོ་སྟེ། །

མ་རིག་སེལ་བའི་སྒྲོན་མེ་ལ། །

མུན་པའི་ཚོགས་བདག་སྐྱབས་སུ་མཆི། །

འཁོར་བ་འདམ་གྱི་མཚོ་ནང་དུ། །

བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །

དུག་གསུམ་མེ་ཡིས་གདུངས་པ་ལ། །

རང་བྱུང་རླན་གྱིས་བསིལ་བར་མཛོད། །

མ་རིག་འཁྲུལ་པས་བཅིངས་པ་ཡི། །

གདོས་བཅས་ལུས་ངག་ཡིད་རྣམས་ཀུན། །

རང་དེངས་འོད་ཀྱི་རང་བཞིན་དུ། །

ལྷག་མེད་མྱ་ངན་འདས་ཐོབ་མཛོད། །

 

བླ་མ་སངས་རྒྱས་རིན་པོ་ཆེ། །

བདག་ལ་རེ་ས་གཞན་ན་མེད། །

ཐུགས་རྗེའི་སྤྱན་གྱིས་གཟིགས་མཛོད་ལ། །

འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །

 

ཚེ་འདིར་ལེགས་པ་ཀུན་འགྲུབ་ཅིང༌། །

བགེགས་དང་བར་ཆད་མེད་པ་དང༌། །

འཆི་ཁར་ཟབ་མོའི་འོད་གསལ་ཟིན། །

བར་དོའི་འཕྲང་ལས་སྒྲོལ་བར་མཛོད། །

 

ལུས་དང་ངག་ཡིད་བརྩམས་པ་ཀུན། །

རྟག་ཏུ་གཞན་ལ་ཕན་པ་དང༌། །

རྐྱེན་རྣམས་བྱང་ཆུབ་ལམ་མཆོག་ཏུ། །

དེ་རིང་ཉིད་ནས་བསྒྱུར་དུ་གསོལ། །

 

བདག་གིས་འབད་ཀྱང་ཐར་བར་དཀའ། །

མགོན་པོ་ཁྱོད་ཀྱི་ཐུགས་རྗེའི་གྲུས། །

མགོན་མེད་བདག་དང་འགྲོ་བ་ཀུན། །

ཐར་པའི་གླིང་དུ་ཕྱིན་པར་མཛོད། །

 

གང་དག་བདག་ལ་དད་གྱུར་ཏམ། །

སྨོད་དམ་བསྐུར་པ་འདེབས་ཀྱང་རུང༌། །

དེ་དག་སྡིག་བྱང་ཉོན་མོངས་མེད། །

སྲིད་པའི་ཆུ་བོ་སྤང་བར་ཤོག །

 

ནམ་ཞིག་བདག་གི་མིང་ཙམ་གྱིས། །

འགྲོ་བའི་འདོད་དགུ་རབ་སྒྲུབ་ཅིང༌། །

ཕྱོགས་བཅུ་གང་བའི་ཞིང་རྣམས་སུ། །

མཆོད་པའི་སྤྲིན་གྱི་ཆར་འབེབས་ཤོག །

 

དགེ་བ་འདི་ཡིས་ལུས་ཅན་ཀུན། །

ཐམས་ཅད་སྲིད་ལས་རྣམ་གྲོལ་ནས། །

ཡེ་ཤེས་དམ་པ་གཉིས་ཐོབ་སྟེ། །

དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །

ཅེས་གསོལ་བ་དྲག་ཏུ་བཏབ་པས།

ཞབས་ཀྱི་མཐེ་བོང་ལས་བདུད་རྩིའི་རྒྱུན་བབས།

བདག་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས་ལུས་ཕྱི་ནང་ཐམས་ཅད་ལ་ཁྱབ་པས།

ལུས་ཀྱི་སྒྲིབ་པ་དག །སྐུ་ཡི་དངོས་གྲུབ་ཐོབ།

མགྲིན་པར་བབས། ངག་གི་སྒྲིབ་པ་དག །གསུང་གི་དངོས་གྲུབ་ཐོབ།

སྙིང་གར་བབས། ཡིད་ཀྱི་སྒྲིབ་པ་དག །ཐུགས་ཀྱི་དངོས་གྲུབ་ཐོབ།

ལྟེ་བར་བབས། དྲི་མ་ཐམས་ཅད་དག །ཡོན་ཏན་གྱི་དངོས་གྲུབ་ཐོབ།

གསང་བར་བབས། ཕྲིན་ལས་ཀྱི་དངོས་གྲུབ་ཐོབ།

བདེ་བ་དང་སྟོང་པ་གཉིས་སུ་མེད་པར་གྱུར།

མཐར་མོས་གུས་ཀྱི་ཤུགས་ཀྱིས་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་མོས་ལ་བཅོས་བསླད་བྲལ་བའི་རང་རིག་གི་ངོ་བོ་ཅི་ནུས་བསྐྱང་ངོ༌།

ཐུན་ལས་ལྡང་བ་ན།

རང་བཞིན་དག་པའི་དགེ་བ་འདིས། །

འཁོར་བ་ངན་སོང་དོང་སྤྲུགས་ནས། །

སྲིད་ན་འགའ་ཡང་མི་གནས་པར། །

ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག །

ཅེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག །ཐུན་མཚམས་ཐམས་ཅད་དུའང་སྣང་གྲགས་རིག་གསུམ་བླ་མའི་གསང་བ་གསུམ་གྱི་ཡེ་ཤེས་སུ་ལམ་དུ་ཁྱེར་ཞིང་ཚོགས་གཉིས་ཟུང་འབྲེལ་གྱི་རྣལ་འབྱོར་ལ་བརྩོན་པར་བྱའོ། །

ཚོགས་བསག་གི་རིམ་པ་འདི་དག་སོ་སོར་འབུམ་ཐེར་ལ་སོགས་པ་ཐུན་དུ་བཅད་དེ་བརྩོན་པའི་སྐབས་སོ་སོའི་སྔོན་དུ་སྐྱབས་སེམས་དང་རྗེས་སུ་བསྔོ་སྨོན་གྱིས་རྒྱས་གདབ་པ་དང༌། ཐུན་མཚམས་རྣམས་སུ་སྐབས་དེ་དང་དེར་འབྲེལ་བའི་ལམ་ཁྱེར་གྱི་གནད་སོགས་ཀྱི་སྤྱི་ལྟར་ཤེས་པར་བྱའོ།

 

སྤྱིར་ཚུལ་འདི་ལ་ཀུན་མཁྱེན་གཉིས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ངག་འདོན་མཆིས་བཞིན་གསར་བསྒྲིགས་དགོས་པ་མི་ཆེ་ཡང༌། གདམས་མཛོད་སྤྲུལ་པའི་གླེགས་བམ་དུ་བཞུགས་པའི་ཁྲིད་ཡིག་དྲི་མེད་ཞལ་ལུང་དུ་སྔོན་འགྲོ་སྤྱི་ཡི་ཆིངས་སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་ཕྱག་བཞེས་ལྟར་དང༌། ཁྱད་ཆོས་བྱེ་བྲག་པ་རྣམས་ཡང་ཏིག་ཡིད་བཞིན་ནོར་བུའི་དགོངས་པ་ལྟར་མ་བུ་བསྡེབས་པའི་དགོངས་པ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་རྣམ་གཉིས་ཀྱི་ཕྱག་རྒྱུན་དུ་གསུངས་པ་ཉིད། ངག་འདོན་ཁོལ་ཕྱུངས་བྱུང་ན་རང་གཞན་ལམ་འདིར་འཇུག་འདོད་ལ་ཕན་པའི་བློས་ཐེག་མཆོག་རྫོགས་པ་ཆེན་པོ་ལ་མོས་པ་ལམ་བྱེད་ཀྱི་ཀུ་སཱ་ལི་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ལྷ་རི་འབྲས་ལྗོངས་སྤྲུལ་པའི་སྦས་གནས་ཉུལ་བའི་སྐབས་དུས་གཅིག་ཏུ་བྲིས་པ་ཐེག་མཆོག་སྙིང་པོའི་བསྟན་པ་མི་ནུབ་དར་ཞིང་རྒྱས་པའི་དགེ་མཚན་དུ་གྱུར་ཅིག །དགེའོ། །བཀྲིས་ཤོག །སརྦ་མངྒ་ལཾ༎ ༎

 

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

དྲི་མེད་བཤེས་གཉེན།

གནས་ཚུལ་འཕར་མ།

BDRC Author Profiles: P625 P258 P264 P1583

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept