བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

རིག་འཛིན་ཚེ་སྒྲུབ་བདུད་རྩི་བུམ་བཅུད་ཀྱི་ཚེ་དབང་བསྐུར་ཐབས་དོན་གཉིས་ལྷུན་གྲུབ་ཡིད་བཞིན་དབང་གི་རྒྱལ་པོ།

English | བོད་ཡིག

༄༅། །རིག་འཛིན་ཚེ་སྒྲུབ་བདུད་རྩི་བུམ་བཅུད་ཀྱི་ཚེ་དབང་བསྐུར་ཐབས་དོན་གཉིས་ལྷུན་གྲུབ་ཡིད་བཞིན་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས།

 

ཆོས་སྐུ་ཀུན་བཟང་སྣང་མཐའ་འགྱུར་མེད་ཐུགས། །
ལོངས་སྐུ་རྡོར་འཆང་རིགས་ལྔ་ལྷུན་རྫོགས་གསུང་། །
འཆི་མེད་པདྨ་འབྱུང་གནས་སྤྲུལ་པའི་སྐུ། །
སྐུ་གསུམ་ཚེ་ཡི་ལྷ་རྣམས་སྤྱི་བོས་མཆོད། །

 

མཁྱེན་པའི་ཡེ་ཤེས་མཁའ་ལྟར་རྒྱ་ཆེ་ཞིང་། །
བྱམས་བརྩེའི་རང་བཞིན་ཉི་ལྟར་འོད་ཟེར་འཕྲོ། །
མཐུ་སྟོབས་ནུས་པ་འཇིགས་མེད་གླིང་པའི་ཞབས། །
བྱང་ཆུབ་བར་དུ་འབྲལ་མེད་སྙིང་ནས་བསྟེན། །

 

རིག་འཛིན་ཚེ་སྒྲུབ་གསེར་འཛིན་དགའ་མའི་ངོར། །
ལེགས་འཁྲུངས་མཚོ་སྐྱེས་གཞོན་ནུ་འཆི་མེད་ཀྱི། །
དབང་བསྐུར་པད་དཀར་ཕྲེང་བ་འདིར་ངོམ་ན། །
སྐལ་ལྡན་རྗེས་འཇུག་ཚོགས་རྣམས་དགའ་བས་ལོངས། །

 

དེ་ལ། འདིར་ཚེ་སྒྲུབ་བདུད་རྩི་བུམ་བཅུད་ཀྱི་དབང་བསྐུར་བྱེད་པར་འདོད་ན།།གཞུང་ལས། དབེན་པའི་གནས་སུ་སྟེགས་བུའི་ཁར༔ རྡུལ་ཚོན་རས་ཚོན་སྐབས་སྦྱར་གྱི༔ དཀྱིལ་འཁོར་དབུས་སུ་ལྡིང་ཁྲིའི་ཁར༔ ཚེ་བུམ་དབུས་ལ་ཚེ་རིལ་གཡས༔ ཚེ་མདའ་རྒྱབ་ལ་ཚེ་ཆང་གཡོན༔ ཚེ་གཏོར་མདུན་བཤམས་མཆོད་པས་བསྐོར༔ བདག་དང་སྒྲུབ་རྟེན་དབྱེར་མེད་དུ༔ རིག་འཛིན་འདུས་པའི་ལས་གཞུང་བསྲང་༔ བསྟོད་པའི་མཇུག་ཏུ་འཛབ་ཁང་དབྱེ༔ ཞེས་བསྟོད་པའི་བར་བྱ་ཞིང་།

དབྱེ་གཞི་དཀྱིལ་འཁོར་གྱི་སྣང་ཆ་གསལ་ཐེབས་ནས།

བྷྲཱུྃ་བི་ཤྭ་བི་ཤུ་དྡྷེ་ཕཊ྄་ཛཿ

ཞེས་བརྗོད་པས་དཀྱིལ་འཁོར་གཉིས་པ་ཞིག་ལོགས་སུ་ཕྱེ་ནས་མདུན་མཁར་མེའི་འདབས་འབྱོར་དུ་བཞུགས་པར་གསལ།

ཐུགས་ཀར་པདྨ་ཉི་ཟླའི་

སོགས་བསྙེན་བསྒྲུབ་ཀྱི་བཟླས་པ་གཞུང་བཞིན་བྱས་མཐར། ཚེ་སྒྲུབ་དམིགས་པ་འདི་བཞིན་ནོ།

ཧྲཱིཿ ཚེ་དབང་རིག་འཛིན་པདྨ་འབྱུང་༔

སྣང་སྲིད་ཟིལ་གནོན་ཐུགས་ཀ་རུ༔

བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔

དམར་གསལ་ལོངས་སྐུ་ཡུམ་དང་སྦྱོར༔

པདྨ་རཱ་གའི་བུམ་པ་འཛིན༔

ཐུགས་ཀར་ཉི་ཟླའི་གའུའི་ནང་༔

སྲོག་གི་སྙིང་པོ་ཡི་གེ་ཧྲཱིཿ

ཐ་མར་སྔགས་ཀྱི་ཕྲེང་བས་བསྐོར༔

འོད་ཟེར་འཕྲོས་པས་བརྟན་གཡོའི་བཅུད༔

རྒྱལ་བ་རིག་འཛིན་དྲང་སྲོང་གིཿ

ཚེ་བཅུད་བསྡུས་ལ་བཅུད་དུ་འདྲིལ༔

བ་སྤུའི་བུ་ག་ཚུན་ཆོད་ཀྱང་༔

ཚེ་དཔག་མེད་པས་ཐེམ་གྱིས་གང་༔

ཀུན་ཀྱང་བུང་བ་ཚང་ཞིག་ལྟར༔

ཧྲཱིཿསྒྲ་འཇམ་ལ་སྙན་པར་སྒྲོགས༔

འཆི་མེད་རིག་འཛིན་འགྲུབ་པར་འགྱུར༔

ངག་ཏུ་བརྗོད་ཅིང་ཡིད་ལ་བསམ༔ འཇམ་རླུང་བུམ་པ་ཅན་དང་སྦྲགས༔ ཞེས་གསུངས་པས།

ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་སྐུ་མདོག་དམར་གསལ་ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་རང་འོད་ཀྱི་ཡུམ་དང་འཁྲིལ་ཞིང་ཕྱག་གཉིས་མཉམ་གཞག་གི་སྟེང་ན་པདྨ་རཱ་གའི་ཚེ་བུམ་འཛིན་ཅིང་ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་ཀར་སྣོད་བཅུད་མ་ལུས་པའི་ཁམས་ཀྱི་དྭངས་མ་ཉི་ཟླའི་གའུ་ཁ་སྦྱོར་གྱི་ནང་དུ་ཐུགས་སྲོག་གི་སྙིང་པོ་ཧྲཱིཿདང་།

དེའི་གཡས་བསྐོར་དུ་སྔགས་ཕྲེང་ལུ་གུ་རྒྱུད་དུ་འཁོར་ཞིང་

འོད་ཟེར་བཀྲག་ལྡན་དུ་འཕྲོ་བ་ལ་གསལ་བརྟན་གྱི་རྩལ་རྫོགས་པར་གྱུར།

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨ་ཡུ་རྫྙཱ་ན་མ་ཧཱ་པུ་ཎྱེ་ཚེ་བྷྲུཾ་ནྲཱྀ་ཛཿསརྦ་སིདྡྷི་ཧཱུྃཿ

ཅི་རིགས་བགྲངས།

སྔགས་ཕྲེང་རྣམས་ལས་འོད་ཟེར་དཀར་འཚེར་བ་ཐག་འཛིངས་པ་ལྟ་བུ་བུན་བུན་འཕྲོས།

འོག་མིན་དག་པའི་ཞིང་ངེས་པ་ལྔ་ལྡན་རྟག་པ་རྒྱུན་གྱི་འཁོར་ལོའི་ཡོན་ཏན་དང་།

རིག་འཛིན་དང་དྲང་སྲོང་རྣམས་ཀྱི་བསྐལ་བར་གནས་པའི་ཚེ་བཅུད།

བརྟན་པ་སྣོད་ཀྱི་འཇིག་རྟེན། གཡོ་བ་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་བཀྲག་མདངས་གཟི་བྱིན་དངས་བཅུད་ཚེ་དཔལ་བསོད་ནམས་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་ལེན་པ་ལྟར་བསྡུས་ནས་རང་ཉིད་ལ་ཐིམ་པའི་མོད།

འཁོར་འདས་ཀྱི་དྭངས་བཅུད་དེ་དག་ཐམས་ཅད་སྐད་ཅིག་ཉིད་ལ་བཅུད་དུ་འདྲིལ་ནས་ཚེ་དཔག་མེད་ཀྱི་སྐུ་རྡུལ་ཕྲ་རབ་ཏུ་ལུས་ཀྱི་ནང་ཁོངས་བ་སྤུའི་བུ་ག་ཚུན་ཆོད་ཀྱང་ཐམ་གྱིས་འགགས་པས་རྡོ་རྗེའི་སྲོག་ལ་དབང་ཐོབ་ཅིང་།

གཡུང་དྲུང་ལྟ་བུའི་ལུས་སུ་གྱུར་པར་དམིགས་ཤིང་།

དེ་དག་ཀུན་ཀྱང་གཅིག་ལ་གཅིག་མི་རེག །

གཅིག་གིས་གཅིག་མི་སྒྲིབ། ཡངས་དོག་མེད་པ་ཏིལ་གོང་ཕྱུར་བ་ལྟར་གནས་པ་ཐམས་ཅད་ཀྱི་ཞལ་ནས་ཚེའི་སྙིང་པོ་ཀུན་ལས་ཡང་སྙིང་དུ་གྱུར་པ།

གནད་བསྐུལ་སྲོག་གི་རིག་པ་ཡི་གེ་འབྲུ་གཅིག་པོ་བུང་བ་ཚང་ཞིག་པ་ལྟར་འཇམ་ལ་སྙན་པ་སྒྲོགས་པར་བསམས་ལ༔

འཇམ་རླུང་བུམ་ཅན་དང་བཅས་པའི་འགོག་བཟླས་སམ། རྡོ་རྗེའི་བཟླས་པ་ཁོ་ན་ལ་གཞོལ་བ་ནི་དབང་པོ་ཡང་རབ་སྤྲོས་པ་དང་བྲལ་བ་རྣམས་ཀྱིས་རླུང་སེམས་དབྱེར་མེད་ཀྱི་ཚེ་སྒྲུབ་ཡིན་ནོ། །

སྤྱིར་བཏང་གཞན་དོན་དུ་བསྒྲུབ་པ་དང་། ཏིང་ངེ་འཛིན་དང་རླུང་སྟོབས་ཞན་པའི་དང་པོའི་ལས་ཅན་རྣམས་ཀྱིས་རང་ཉིད་ཀྱིས་སྒྲུབ་སྔགས་དང་། ཚེ་དཔག་མེད་རྣམས་ཀྱིས་ཧྲཱིཿ སྒྲ་སྒྲོགས་པར་བསམས་ལ་འོད་ཟེར་སྤྲོ་བསྡུ་བྱ་བ་ནི་གཙོ་བོར་གཅེས་ཤིང་། གཞན་དོན་ལ་དམིགས་བྱའི་སྲོག་གི་ངོ་བོ་ཡི་གེ་ནྲྀའི་རྣམ་པ་ཐུགས་སྲོག་གི་ཁོང་དུ་བསམས་ནས་དེ་ལ་ཚེ་བཅུད་སྡུད་ཅིང་། ཀུན་ལ་ཐུན་གྱི་སྨད་ཆར་རྡོ་རྗེའི་བཟླས་པ་ཅུང་ཟད་རེ་བྱས་པས་ལེགས་པར་འགྱུར་ལ་ཞེས་གསུངས་པ་བཞིན།

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་མ་ཧཱ་པུ་ཎྱེ་ཚེ་བྷྲུཾ་ནྲྀ་ཛཿསརྦ་སིདྡྷི་ཧཱུྃཿ

ཞེས་ཚེ་བསྙེན་བཟླ་བ་དང་། མདུན་བསྐྱེད་ཀྱིས་ཧྲཱིཿསྒྲ་སྒྲོགས་པར་བསམ། ཐུན་འཇུག་ཏུ་འཇམ་རླུང་དང་སྦྲགས་ཏེ་ཧྲཱིཿཡིག་རྡོར་བཟླས་དང་འགོག་བཟླས་ཚུལ་གྱིས་ཅི་འགྲུབ་བཟླ་ཞིང་མཐར་བུམ་པ་ལ་དམིགས་ཏེ།

བུམ་པའི་ནང་དུ་ཨོ་རྒྱན་ཚེ་དཔག་ཏུ་མེད་པ་འཁོར་རིག་འཛིན་བརྒྱད་དང་ཚེའི་ལྷ་ཚོགས་དཔག་ཏུ་མེད་པ་རྒྱ་མཚོ་ལ་བཟའ་སྐར་ཤར་བའམ།

མེ་ལོང་ལ་གཟུགས་བརྙན་སྣང་བ་ལྟར་གསལ་བའི་ཐུགས་སྲོག་ཧྲཱིཿཡིག་ལ་སྔགས་ཀྱིས་བསྐོར་བར་དམིགས་ཤིང་།

བདག་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་ལུ་གུ་རྒྱུད་ཀྱི་ཚུལ་དུ་འཕྲོས།

བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ།

སླར་ཡང་འོད་ཟེར་འཕྲོས་འོག་མིན་དག་པའི་ཞིང་ངེས་པ་ལྔ་ལྡན་རྟག་པ་རྒྱུན་གྱི་འཁོར་ལོའི་ཡོན་ཏན་དང་།

རིག་འཛིན་དང་དྲང་སྲོང་རྣམས་ཀྱི་བསྐལ་པར་གནས་པའི་ཚེ་བཅུད།

བརྟན་པ་སྣོད་ཀྱི་འཇིག་རྟེན་དང་།

གཡོ་བ་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་བཀྲག་མདངས་གཟི་བྱིན་དྭངས་བཅུད་ཚེ་དཔལ་བསོད་ནམས་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་བསྡུས་ནས་

བུམ་པའི་ལྷ་ཚོགས་ལ་ཐིམ་པས་འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་སྐད་ཅིག་ཉིད་ལ་བཅུད་དུ་དྲིལ་ནས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འཆི་མེད་ཚེ་ཡི་བདུད་རྩིའི་རྒྱུན་ཆེན་པོ་བབས་པས་བུམ་པ་ཡོངས་སུ་གང་བར་གྱུར།

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་མ་ཧཱ་པུ་ཎྱེ་ཚེ་བྷྲུཾ་ནྲྀ་ཛཿསརྦ་སིདྡྷི་ཧཱུྃཿ

ཞེས་ཚེ་བསྙེན་ཅི་མང་དང་། ཧྲཱིཿབཟླས་ཅི་རིགས་བྱ།

དེ་ནས་ལས་བུམ་ལ་དམིགས་ཏེ།

ལས་བུམ་དུ་སྐད་ཅིག་གིས་བཅོམ་ལྡན་འདས་པདྨ་དབང་ཆེན་དམར་པོ་གཡས་དབྱུག་ཏོ་དང་།

གཡོན་སྡིགས་མཛུབ་ཞགས་པ་འཛིན་པའི་སྐུར་གྱུར་པའི་ཐུགས་ཀའི་འོད་ཟེར་འཕྲོས་འདུས་དོན་གཉིས་བྱས།

སླར་འདུས་པས་སྐུ་ལས་བདུད་རྩིའི་རྒྱུན་ཆེན་པོ་བབས་ནས་བུམ་པ་ཡོངས་སུ་གང་བར་གྱུར།

ཞེས་བསམས་ལ།

ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔

ཞེས་བརྒྱ་རྩ་ལས་མི་ཉུང་བ་བཟླས་མཐར་ལྷ་མོ་བཅུ་དྲུག་སོགས་རྒྱས་བསྡུས་གང་འཚམས་ཀྱིས་མཆོད།

ལས་གཞུང་གི་བསྟོད་པའི་མཇུག

ཧྲཱིཿ འོད་དཔག་མེད་མགོན་སྤྲུལ་སྐུ་འཆི་བ་མེད། །

དྲག་པོའི་སྐུར་བཞེངས་ལྷ་སྲིན་འདུལ་བའི་གཉེན། །

སྤྱན་རས་གཟིགས་དབང་ཧྲཱིཿལས་རྔམ་བརྗིད་སྐུ། །

རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད། །

ཅེས་པའི་མཐར་ཡི་གེ་བརྒྱ་པ་ལན་གསུམ་གྱིས་བཤགས་པ་བྱའོ། འོད་ཞུ་བྱ་བ་ནི།

ཨོཾ་ཨཱཿཧཱུྃ་

ཞེས་དུང་ཞལ་གྱི་ཆུ་མཆོད་ཡོན་དུ་ཕུལ་བས་བུམ་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་ཞུ་བ་བུམ་ཆུ་དང་དབྱེར་མེད་དུ་གྱུར།

ཅེས་དང་།

ལས་བུམ་གྱི་ལྷ་འོད་དུ་ཞུ་ནས་ཁྲོ་བོའི་རྡུལ་ཕྲ་རབ་ཏུ་གྱུར།

ཅེས་བརྗོད་ཅིང་བསམ་མོ། །

ཚེ་འགུགས་པ་ནི།

དེ་ནས་བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་དཀར་འཚེར་བ་ཐག་འཛིངས་པ་ལྟ་བུ་བུན་བུན་འཕྲོས།

འོག་མིན་དག་པའི་ཞིང་ངེས་པ་ལྔ་ལྡན་རྟག་པ་རྒྱུན་གྱི་འཁོར་ལོའི་ཡོན་ཏན་དང་ཕྲིན་ལས་རིག་འཛིན་དྲང་སྲོང་རྣམས་ཀྱི་བསྐལ་པར་གནས་པའི་ཚེ་བཅུད།

བརྟན་པ་སྣོད་ཀྱི་འཇིག་རྟེན་དང་། གཡོ་བ་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་བཀྲག་མདངས་གཟི་བྱིན་དྭངས་བཅུད། ཚེ་དཔལ་བསོད་ནམས་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་བསྡུས་ནས་ཚེ་རྫས་དང་།

བསྲུང་བྱ་རྣམས་ལ་ཐིམ་པའི་མོས་པ་མཛོད།

ཚེ་མདའ་གཡབ་ཅིང་།

ཨོཾ། རང་སྣང་ཟངས་མདོག་དཔལ་གྱི་རི༔

ལྔ་ལྡན་རང་བྱུང་ཕོ་བྲང་ནས༔

སོགས།

སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུ་རྫྙཱ་ན་མ་ཧཱ་པུཎྱེ་ཚེ་བྷྲཱུྃ་ནྲི་ཛཿསརྦ་སིདྡྷི་ཧཱུྃ ༔

ཞེས་དང་།

ཧྲཱིཿ ལྷ་དང་རིག་འཛིན་ཚེ་ཡི་བདག༔

ཅིས་ཀྱང་མི་ཆོད་མི་ཤིགས་པའི༔

ཚེ་བསྲིང་བླ་ཁུག་རྒྱས་ཐོབ་ལ༔

འཆི་མེད་ཚེ་དབང་འདིར་སྩོལ་ཅིག༔

ཚེ་གཟུངས་བཟླ།

ཚེ་དབང་དུ་གྱུར་ཅིག །

དབང་དངོས་གྲུབ་ཏུ་གྱུར་ཅིག །

ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཅིག །

མི་འགྱུར་བ་གཡུང་དྲུང་ལྟ་བུར་གྱུར་ཅིག །

མི་ནུབ་པ་རྒྱལ་མཚན་ལྟ་བུར་གྱུར་ཅིག །

ཚེ་སྲོག་རྡོ་རྗེའི་བྲག་རིབས་སྲ་ཞིང་བརྟན་པ་ལ་མངའ་བརྙེས་པར་གྱུར་ཅིག །

ཞེས་བཀུག་ཚེ་པྲ་བརྟགས་པའི་རྗེས༔ རྒྱས་གདབ་ཚེ་མདའ་དྲང་པོར་བསྲང་༔

ཨཱཿ འབྱུང་ལྔའི་དབྱིངས་སུ་འཁྱམས་པའི་ཚེ༔

ཡུམ་ལྔའི་ཀློང་དུ་རྒྱས་བཏབ་པས༔

ཡེ་ཤེས་ལྔ་ལ་སྐྱེ་འཆི་མེད༔

སྐུ་ལྔའི་དབྱིངས་སུ་ཚེ་སྦས་པ༔

རིགས་ལྔའི་རྒྱལ་བས་ཀྱང་མི་གཟིགས༔

དྷརྨཱ་དྷརྟུ་བཛྲ་རཀྵ༔

ཞེས་བྱིན་བརླབ་བརྟན་པར་བྱ།

དེ་ནས་བདག་ཉིད་དཀྱིལ་འཁོར་གྱི་ལྷ་དང་རང་བཞིན་དབྱེར་མེད་དུ་བསྒོམས་ནས་རིག་པའི་མེ་ཏོག་དོར་བ་ཉིད་དོན་གྱིས་དཀྱིལ་འཁོར་དུ་ཞུགས་པ་ཡིན་པས། མེ་ཏོག་འཐོར་བ་དང་བཅས།

ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཿབཛྲ་ས་མ་ཡ་ཨཱཿཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ།

ཞེས་མེ་ཏོག་ཕུལ་བས།

བདག་དང་དཀྱིལ་འཁོར་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམ་གཉིས་སུ་མེད་པར་གྱུར་པར་བསམས་ཏེ༔

འཇུག་བྱའི་དཀྱིལ་འཁོར་དང་བདག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་འབྲས་ཆོས་ལྔ་པོ་དབྱེར་མེད་རོ་གཅིག་ཏུ་བསམ་པའོ།།

ཨོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །

ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །

དེ་ཉིད་དུ་ནི་མཉམ་སྦྱོར་བས། །

ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །

ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སཏྭཾ། ཨོཾ་བཛྲ་ས་མ་ཡ་ཧོ།

ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམ། དཀྱིལ་འཁོར་གྱི་ལྷ་ལ་ཐལ་མོ་སྦྱར་བས་བཏུད་དེ།

ཨོཾ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི།

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །

སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །

བདག་གི་སློབ་མ་འཇུག་པར་འཚལ།

ཞེས་སློབ་བུ་འཇུག་པར་གནང་བ་ཞུས་པས་ལྷ་ཚོགས་རྣམས་ཀྱིས་དེ་དེ་བཞིན་དུ་གནང་བ་བྱིན་པར་བསམ་མོ།

ཛཿཧཱུྃཿབྃཿཧོ༔

ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡིག་བརྒྱ་བརྗོད།

དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །

བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ། །

བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །

སྐུ་གསུང་ཐུགས་ཀྱི་དབང་མཆོག་བསྐུར་དུ་གསོལ། །

ཞེས་དང་། ཆོས་སྐྱོང་གི་བསྐང་གསོལ་དང་། ཚོགས་ཀྱི་མཆོད་པ་བཅས་བྱ་ཞིང་། ཚོགས་ལ་རོལ་ཟིན་པ་དང་།

གཞན་དོན་དུ་དབང་ལ་འཇུག་པ་ནི།

སློབ་མ་རྣམས་མདུན་དུ་འཁོད་པར།

ཧཱུྃ། བདེ་གཤེགས་རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་ཆུས། །

སྐལ་ལྡན་སློབ་མའི་ལུས་ངག་ཡིད་གསུམ་ལ། །

གནས་པའི་ཉེས་སྐྱོན་དྲི་མའི་ཚོགས་བཅས་ཀུན། །

བཀྲུ་བར་བགྱིའོ་བྱང་ཞིང་དག་གྱུར་ཅིག །

ལས་སྔགས་དང་སྦྲེལ།

ཨོཾ་བཛྲ་སཏྭ་ས་མ་ཡ་

སོགས་བཟླ་བཞིན་ལས་ཆུས་ཉེ་རེག་བྱ་ཞིང་།

བགེགས་གཏོར།

ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄ ༔

དང་།

ཨོཾ་སྭ་བྷ་བ་ཤུདྡྷ་སརྦ་དྷརྨ་སྭ་བྷ་བ་ཤུ་དྡྷོ་ཧཾ། གིས་སྦྱངས་ལ།

སྟོང་པ་ཉིད་དུ་གྱུར།

སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཀྱི་ནང་དུ་བགེགས་ཀྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་རྣམ་པ་ལྔ་དང་ལྡན་པར་གྱུར། ཞེས་བསམས་ལ།

ཨོཾ་ཨཱཿཧཱུྃ་ཧོ།

ལྕགས་ཀྱུའི་ཕྱག་རྒྱས།

སརྦ་བྷཱུ་ཏ་ཨ་ཀརྵ་ཡ་ཛ ༔

ལན་གསུམ།

ཨོཾ་སརྦ་བི་གྷྣན་ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཁེ་བྷཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྷྲྀ་ཧྞེ་ཨེ་དཱཾ་བ་ལིཾ་ཏ་ཡེ་སྭཱཧཱ

ས་བགེགས་གཏོར་གཡས་སུ་ལན་གསུམ་བསྐོར་བ་གསུམ་གྱི་མཐར།

ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་།

དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བཀའ་བདེན་པ་དང་།

ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་།

གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་།

ཆོས་ཉིད་འགྱུར་བ་མེད་པའི་བཀའ་བདེན་པ་དང་།

ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་།

བདེན་པ་ཆེན་པོའི་མཐུ་སྟོབས་བྱིན་རླབས་ནུས་པ་ལ་བརྟེན་ནས་དེང་འདིར་བླ་མ་དང་དགེ་བཤེས་མཁན་པོ་སོགས་ལ་རིག་འཛིན་པ་འདི་དག་ཅེས་སྦྱར།

རང་ལས་དམན་པར་རྡོ་རྗེའི་སློབ་མ་འདི་དག་རྣམས་ལ་གསང་སྔགས་རྡོ་རྗེ་ཐེག་པའི་དབང་བསྐུར་ཟབ་མོ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་གདོན་བགེགས་ལོག་འདྲེན་འབྱུང་པོ་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པའི་རིགས་གང་དག་སུ་ཡང་རུང་བ་ཐམས་ཅད་བགེགས་ཀྱི་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པར་དམིགས་པའི་ཡུལ་གཞན་དུ་འགྲོ་བར་གྱིས་ཤིག །

གལ་ཏེ་མི་འགྲོ་ཞིང་འདུག་པར་གྱུར་ན་བདག་སོགས་ཁྲོ་རྒྱལ་འབར་བའི་ཚོགས་རབ་ཏུ་ཁྲོས་ནས་ཁྲོ་མཚོན་མེ་དཔུང་གི་དབལ་ཟེར་གྱིས་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་གདོན་མི་ཟའོ། །

ཨོཾ་སུམྦྷ་ནི་

ལན་གསུམ་གྱི་མཐར་དྲག་སྔགས་སོ་ལྔ་དང་ཧཱུྃ་གི་གདངས་ཅི་རིགས་བརྗོད་མཐར་

གནོད་བྱེད་འབྱུང་པོ་སརྦ་ཨུ་ཙ་ཏ་ཡ་ཕཊ྄༔

ཅེས་བགེགས་བསྐྲད་ནས།

བགེགས་ཚོགས་ལོག་པར་འདྲེན་པ་ཐམས་ཅད་ཕྱིར་བསྐྲད།

ཁྲོ་མཚོན་མེ་དཔུང་གི་ཚོགས་རྣམས་ཚུར་འདུས་པ་ལས་སྲུང་བའི་འཁོར་ལོ་སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་རེ། འོག་ཐམས་ཅད་རྡོ་རྗེའི་ས་གཞི།།

ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རྭ་བ་དྲྭ་བ་ཡེ་ཤེས་ཀྱི་མེ་རི་མེ་དཔུང་ཆེན་པོས་ཡོངས་སུ་བསྐོར་བའི་སྲུང་བའི་གུར་ཁང་དུ་གྱུར།

ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ།

ལན་གསུམ་བརྗོད་ཅིང་རྡོ་རྗེ་གསོར་བར་བྱའོ། །

དེ་ནས། སླར་ཡང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཕན་འདོད་ཀྱི་ལྷག་བསམ་ཡིད་ལ་མཆོག་ཏུ་བཅགས་ནས་དམ་པའི་ཆོས་ཉན་པ་ལ་ཞུགས་པ་ནི་སྐྱེས་བུ་ཆེན་པོའི་ལམ་བསོད་ནམས་ཚད་མེད་པའི་འཇུག་དོགས་ཡིན་ཏེ། རིན་ཆེན་ཕྲེང་བ་ལས།

སེམས་ཅན་ཁམས་ནི་ཚད་མེད་ལ། །
ཕན་འདོད་དེ་ནི་དེ་འདྲའོ། །

ཞེས་གསུངས་པས་སེམས་ཅན་གྱི་ཁམས་ཚད་མེད་པ་ལྟར་དེ་ལ་ཕན་འདོད་ཀྱི་ལྷག་བསམ་ལན་ཅིག་སྐྱེས་པའང་ཚད་མེད་དེ།

བཟང་པོ་སྤྱོད་པ་ལས། །

ནམ་མཁའི་མཐར་ཐུག་གྱུར་པ་ཅི་ཙམ་པར། །
སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །
ཅི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །
བདག་གིས་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །

ཞེས་གསུངས་པ་བཞིན་སེམས་ཅན་ཐམས་ཅད་ཡིད་ལ་བཅངས་ཏེ་གསན་པར་མཛོད།

དེ་ཡང་ཆོས་ཉན་པའི་ཀུན་ཏུ་སྤྱོད་པ། སྣོད་ཀྱི་སྐྱོན་གསུམ་དྲི་མ་དྲུག །མི་འཛིན་པ་ལྔ་དང་བཅས་པ་སྤང་དགོས།

དང་པོ་ནི།

རྣ་བ་མི་གཏོད་ཁ་སྦུབས་ལྟ་བུའི་སྐྱོན། །
ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། །
ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན།

ཞེས་དང་། དྲི་མ་དྲུག་ནི།

ང་རྒྱལ་དང་ནི་མ་དད་དང་། །
དོན་དུ་གཉེར་བ་མེད་ཉིད་དང་། །
ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །
སྐྱོ་བ་ཉན་པའི་དྲི་མ་ཡིན། །

ཞེས་སོ། །མི་འཛིན་པ་ལྔ་ནི།

ཚིག་འཛིན་ལ་དོན་མི་འཛིན་པ་དང་། །

དོན་འཛིན་པ་སྐད་ཀྱང་ཚིག་མི་འཛིན་པ་དང་།

མི་ཚང་བར་འཛིན་པ་དང་།

ལོག་པར་འཛིན་པ་དང་།

བརྡ་མ་འཕྲོད་པར་འཛིན་པ་སྟེ།

སྐྱོན་དེ་རྣམས་སྤངས་ནས་ཚུལ་ཇི་ལྟ་བུས་ཉན་སྙམ་ན། མདོ་སྡོང་པོ་བཀོད་པ་ལས།

རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་ཉན་པའི་དུས་སུ་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །
ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ།།
དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་དེ་མཉམ་པར་བྱའོ།
ནན་ཏན་ཉམས་སུ་ལེན་པ་ལ་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱ་ཞེས་གསུངས་པ་ལྟར་མཉན་པ་དང་། །

དེའི་སྟེང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཚང་བའི་སྒོ་ནས་ཉན་དགོས་པའང་། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས།

མེ་ཏོག་སྟན་སོགས་རབ་འབུལ་ཞིང་། །
ས་ཕྱོགས་སྤྱོད་ལམ་སྡོམ་པ་དང་། །
སྲོག་ཆགས་ཀུན་ལ་འཚེ་མི་བྱེད། །
བླ་མ་ལ་ནི་གསོལ་བ་འདེབས། །
མ་ཡེངས་བླ་མའི་གདམས་ངག་ཉོན། །
དོགས་སེལ་ཕྱིར་ན་སྐྱོན་ཚིག་འདྲི། །
སྒྲོལ་མ་ཡན་ལག་དྲུག་དང་ལྡན། །

ཞེས་གསུངས་པའི་དོན་ལ་དགོངས་ཏེ་ཉན་དགོས་པ་ཡང་།

འདི་ལྟར་དམ་པའི་ཆོས་ཀྱི་སྒྲ་ཙམ་ཐ་ན་དུད་འགྲོའི་རྣ་ལམ་དུ་ཐོས་ནའང་ངན་སོང་གི་སྡུག་བསྔལ་ལས་གྲོལ་བའི་ནུས་པ་ཁྱད་པར་ཅན་ཡིན་པ་མདོ་རྒྱུད་རྒྱ་མཚོ་ནས་བཤད་ཅིང་།

དེ་སྐད་དུའང་རྒྱལ་བའི་དབང་པོ་ཀློང་ཆེན་ཞབས་ཀྱིས། །

ཆོས་རྔ་སྒྲོག་པའི་སྒྲ་ཐོས་སེམས་ཅན་ཡང་། །
ངན་སོང་རྣམ་གྲོལ་ཉན་རྣམས་སྨོས་ཅི་དགོས། །

ཅེས་གསུངས་པའི་ཕྱིར་ཁྱེད་ཅག་རྣམས་ཆོས་སྒྲ་སྒྲོག་པ་ལ་མོས་པ་སྟོབས་སུ་གྱུར་པ་འདི་ཡང་སྲིད་པ་མང་པོར་ཚོགས་བསགས་པ་ཆོས་ཅན། དེ་ལྟ་ནའང་། སློབ་དཔོན་ཞི་བ་ལྷས།

དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །
སྐྱེས་བུའི་དོན་འགྲུབ་ཐོབ་པར་གྱུར་པ་ལ། །
གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །
ཕྱིས་ནས་ཡང་དག་འབྱོར་པ་ག་ལ་འགྱུར། །

ཅེས་གསུངས་པས་ན། ད་རེས་ཡིད་བཞིན་གྱི་ནོར་བུ་ལག་ཏུ་ལེན་པའི་དཔེས་ཀྱང་བརྒྱ་སྟོང་གི་ཆར་ཡང་མི་ཕོད་པའི་དལ་བའི་རྟེན་བཟང་འདི་ལྟ་བུ་རྙེད་པའི་གནས་སྐབས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་པའི་ཐབས་ལྷུར་ལེན་དགོས།

དེ་ཅིས་ལེན་ན་ཁམས་དྲུག་ལྡན་གྱི་རྟེན་འདི་ཁོ་ན་ལ་ལྟོས་དགོས་པའི་ཕྱིར། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་ཞལ་ནས།

ཆོས་སྤྱོད་དབང་པོ་ཐུལ་བ་ནི། །
འཁོར་བ་རུ་ནི་ཇི་སྲིད་འཚོ། །
དེ་སྲིད་བསོད་ནམས་ལ་སོགས་ཚོགས། །
བྱང་ཆུབ་སྒྲུབ་བྱེད་རབ་ཏུ་སྐྱེ། །
འཁོར་བར་སྲོག་ལས་གཅེས་པ་ནི། །
ཅི་ཡང་ཡོད་པར་མ་མཐོང་སྟེ། །
དེ་བས་མྱུར་དུ་ཐབས་མང་པོས། །
འཆི་བ་བསླུ་བ་ཀུན་ཏུ་སྤྱོད། །

ཅེས་སོ། །དེ་ལ་ཡང་སྤྱིར་བར་ཆད་ཀྱི་རྐྱེན་མང་ཞིང་ཁྱད་པར་དུས་མ་ཡིན་པར་འཆི་བའི་རྐྱེན་ནི་ཚེ་དང་ལས་དང་བསོད་ནམས་ཟད་པ་སྟེ་རྐྱང་ཟད་གསུམ་དང་། དེ་དག་གཉིས་གཉིས་ཟད་པ་དང་གསུམ་ལས།

ཚེ་ཟད་པ་ལ་ཚེ་སྒྲུབ་ཀྱི་ཆོ་ག་དང་།

ལས་ཟད་པ་ལ་སྲོག་བསླུ་ཉེའུ་འདོན་པ་སོགས་དང་།

བསོད་ནམས་ཟད་པ་ལ་མཆོད་སྦྱིན་གྱིས་སྤེལ་བ་ལ་སོགས་པས་གསོ་བ་དང་།

དེ་དག་གཉིས་མཉམ་དུ་ཟད་པ་ནི། གཉེན་པོ་དེ་དང་དེས་གསོ་བར་གསུངས་པ་ལས།

གསོ་བྱ་ཚེ་ཉིད་ཉམས་པའི་རྐྱེན། ཉམས་པའི་རྟགས། གསོ་བྱེད་སློབ་དཔོན། གསོ་ཚུལ་དང་བཞིར་རྒྱུད་ལས་གསུངས་པ་སྟེ།

དང་པོ་ཉམས་པའི་རྐྱེན་ནི།

དམ་ཉམས་སེམས་དཀྲུགས་ཡི་ཆད་དངངས་པ་དང་།

ཞེ་སྡང་དྲག་པོས་རྦོད་གཏོང་ཚར་བཅད་དང་།

སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་དང་།

གནས་ངན་དག་ཏུ་གནས་ཕབ་འདི་དག་ནི།

ཚེ་ཉམས་དབུགས་དངངས་བགེགས་ཀྱི་དབང་དུ་འགྱུར། ཞེས་དང་།

གཉིས་པ་ཉམས་པའི་རྟགས་ནི།

འཁོར་ལ་ཁྲོ་ཞིང་སྡུག་སྐད་འབྱིན་པ་དང་།

བཞིན་འགྱུར་སྤྱོད་ལམ་རྣམས་ནི་འཆལ་བ་དང་།

སློབ་དཔོན་འཚོ་བྱེད་དུས་ལས་ཡོལ་བ་དང་།

ཁ་ཟས་རྣམས་ཀྱང་ཡིད་གར་མི་འོང་རྣམས།

འདི་དག་རྣམས་ནི་ཉམས་པའི་རྟགས་ཡིན་ནོ། །ཞེས་དང་།

གསུམ་པ་སློབ་དཔོན་ནི། །

ཏིང་འཛིན་ཕྲ་མོ་ལས་སུ་རུང་བ་དང་། །

རྒྱུད་ཀྱི་དོན་ལ་མཁས་ཤིང་དབང་ཐོབ་པ། །

མཐུ་བྱིན་ཆེ་ཞིང་དམ་ཅན་ཉེ་བ་སྟེ། །

འདི་གསུམ་གང་གིས་བཀུག་ཀྱང་ཁུག་པར་འགྱུར། ཞེས་དང་།

བཞི་པ་ཇི་ལྟར་གསོ་བའི་ཐབས།

རྒྱལ་བ་ཐབས་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་འཆི་མེད་སྒྲུབ་པའི་ཆོས་ཀྱི་རྣམ་གྲངས་ཇི་སྙེད་ཅིག་བསྟན་པ་རྣམས་ཀྱི་ནང་ནས་འདི་ནི་སྔ་འགྱུར་རྡོ་རྗེ་ཐེག་པའི་ཕྱོགས་སུ་གཏོགས་ལ།

དེ་ལ་ཞལ་ནས་གསུངས་པའི་བཀའ་མ། རྗེས་སུ་གནང་བའི་གཏེར་མ། བྱིན་གྱིས་བརླབས་པའི་དག་སྣང་མ་སྟེ་བརྒྱུད་པའི་བཀའ་སྲོལ་ཆེན་པོ་གསུམ་དུ་གྲགས་པ་ལས།

ཁྱད་པར་དུ་གྱུར་པ་འདིའི་ལོ་རྒྱུས་ཅུང་ཟད་སྙན་དུ་གསོལ་ན། ལུང་བསྟན་བཀའ་རྒྱ་མར།

ལྷོ་ཕྱོགས་འོད་ཟེར་མིང་ཅན་སྤྲུལ་པའི་སྐུ། །
ཟབ་དོན་སྙིང་ཏིག་ཆོས་ཀྱིས་འགྲོ་བ་འདྲེན། །
འབྲེལ་ཚད་རིག་འཛིན་ཞིང་དུ་འཕེན་པ་འབྱུང་། །

ཞེས་སྙིང་ཏིག་གི་རྫོགས་རིམ་དང་རིག་འཛིན་གྱི་བསྐྱེད་རིམ་ལ་བརྟེན་ནས་རིམ་པ་བཞིའི་རྣལ་འབྱོར་ལ་སྦྱོར་བའི་ལམ་སྟོན་དུ་བསྔགས་པའི་ཕྱིར། རིག་འཛིན་འཛམ་གླིང་རྡོ་རྗེའི་གཏེར་ལུང་ལས་ཀྱང་།

དབུས་གཡོར་གཞུང་དུ་བྱང་སེམས་པདྨའི་མིང་༔
བཀའ་རྙིང་བསྟན་སྐྱོང་ཐབས་མཁས་འགྲོ་བ་འདུལ༔

ཞེས་རྡོ་རྗེའི་ལུང་གིས་དཔང་པོར་བྱས་པ་བཞིན་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་གྱིས་རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པར་མིང་གིས་དབང་བསྐུར་བའི་སྐྱེས་བུ་ཉིད་ཀྱི་རྗེས་ལ་ཐོབ་པའི་རོལ་པ་དང་། རྨི་ལམ་གྱི་སྣང་ཆ་སྒྱུ་མའི་རང་བཞིན་གཅིག་ཏུ་མཉམ་པའི་མིག་འཕྲུལ་ལྟ་བུའི་གསལ་སྣང་ལ་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་གམ་དུ།

ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་ཀློང་བྱང་ཡེ་ཤེས་ཀྱི་བརྡ་རིས་མངོན་དུ་སྤྲད་པ་ལས་བྱུང་བའི་ཆོས་སྡེ་གནད་བྱང་ཐུགས་ཀྱི་སྒྲོམ་བུ་ལས།

དེ་དུས་ད་ལྟའི་རྗེ་འབངས་གྲོགས༔
བི་མ་རྒྱལ་སྲས་ལྷ་རྗེ་རྣམས༔
སྨོན་ལམ་ཐུགས་རྗེས་སྤྲུལ་པའི་སྲས༔
རང་བྱུང་རྡོ་རྗེ་པདྨ་དབང་༔
གསང་མཚན་གར་དབང་འཇིགས་མེད་གླིང་༔
རྟོགས་གྲོལ་དུས་མཉམ་ཐུགས་གཏེར་བདག༔

འཕགས་པས་རྗེས་སུ་བཟུང་བའི་རྟགས༔
ལག་གཡས་མཐིལ་ན་པདྨའི་སྤྱན༔
དབང་ཆེན་གསུང་གི་རིག་འཛིན་ཕྱིར༔
མཐེ་བོང་ཐུགས་སྲོག་ཧྱ་ཡིས་མཚན༔
རྟོགས་པ་ཀློང་དུ་གྱུར་པའི་རྟགས༔
ཚེམས་ལ་སྐྱེ་མེད་ཡི་གེ་ཨ༔
སྙིང་རྗེ་ཆེ་ཞིང་རིག་པ་ཧུར༔
ཤེས་རབ་ཆེ་ཞིང་འཛིན་ཆགས་ཆུང་༔
ཐུགས་སྒམ་ཚིག་བཙན་བློ་གྲོས་ཟབ༔
ངེས་མེད་སྤྱོད་པ་ཅིར་ཡང་སྟོན༔
འཇིགས་པ་མེད་པའི་བརྟུལ་ཞུགས་ཅན༔
ཞུམ་མེད་སྣང་བ་ཟིལ་གྱིས་གནོན༔
དེ་ལ་ཐུགས་རྒྱུད་དངོས་གཏེར་རམ༔
ཡང་ན་དགོངས་གཏེར་ཚུལ་དུ་འབེབས༔

ཞེས་གསུངས་པ་ལྟར། ཀློང་བྱང་བརྡ་བསྒྱུར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་རིག་འཛིན་ཚེ་སྒྲུབ་བདུད་རྩི་བུམ་བཅུད་ཀྱི་ཚེ་དབང་འབུལ་བར་སྐབས་སུ་བབས་པ་ཡིན་ཏེ། དེ་ཡང་རྩ་བར།

ལྷ་སྔགས་ཏིང་འཛིན་དམིགས་པའི་གནད༔
ཀུན་ལས་ཁྱད་འཕགས་རིག་འཛིན་གྱི༔
ཚེ་སྒྲུབ་བདུད་རྩི་བུམ་བཅུད་འདི༔
ཆོས་བདག་སྐྱེས་བུའི་སྲོག་མཐུད་ཕྱིར༔
ཀློང་བྱང་མཁའ་འགྲོའི་བརྡ་རུ་བསྟན༔

ཅེས་གསུངས་པ་ལྟར། ཡེ་ཤེས་སེམས་དཔའ་ལ་བརྟེན་ནས་རྒྱལ་བ་འོད་མཚན་སྟོང་འབར་མངོན་དུ་བསྒྲུབ་ཅིང་ཚེ་དཔག་མེད་ཀྱི་གོ་ཆ་བསྐོན་པ།

རིགས་ལྔའི་རིག་འཛིན་ལ་བརྟེན་ནས་འབྱུང་ལྔའི་ཁམས་ནས་བླ་ཚེ་བསྡུ་བ།

དྷ་ན་སཾ་སྐྲྀ་ལ་བརྟེན་ནས་བླ་འཁྱམས་འགུགས་པ།

བི་མ་མི་ཏྲ་ལ་བརྟེན་ནས་ཚེ་ཟད་པ་བསྲིང་བ།

རོམྦུ་གུ་ཧྱ་ལ་བརྟེན་ནས་ལྷ་འདྲེ་མཐུ་བོ་ཆེས་བརྐུས་པའི་བླ་ཚེ་འཕྲོག་པ།

ཤཱིནྟཾ་གརྦྷ་ལ་བརྟེན་ནས་ཕ་རོལ་བན་བོན་གྱིས་བྱད་དུ་བཅུག་པའི་བླ་ཚེ་བསྡུ་བ།

འབྱུང་འཇུག་གནས་གསུམ་སྔགས་ཀྱི་ངོ་བོར་རྒྱས་འདེབས་པ་ལ་སོགས་ཏེ་ཁྱད་ཆོས་དུ་མ་དང་ལྡན་པའི་ཕྱིར།

ཐུགས་རྗེ་ལྡན་པའི་སློབ་དཔོན་གྱིས༔
མོས་གུས་ལྡན་པའི་སློབ་མ་ལ༔
གཞུང་བཞིན་འདི་ནི་སུས་བསྐུར་བ༔
འཆི་བདག་ཁ་རུ་ཚུད་ཀྱང་ཐོན༔
བྱད་དུ་བཅུག་ཀྱང་ཡ་མི་ང༔
དེ་ཕྱིར་སྙིང་ལས་གཅེས་པར་ཟུངས༔

ཞེས་ཆེད་དུ་བསྔགས་པ་ཡིན་ལ། དེ་ལྟ་བུའི་ཚེ་དབང་ཟབ་མོ་བསྐུར་བར་བྱེད་པ་ལ།

བདག་རྡོ་རྗེ་སློབ་དཔོན་ཚེ་དབང་རིག་འཛིན་དང་། གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་ངོ་བོར་རྫོགས་པ་ལ་མཎྜལ་འབུལ་བར་མཛོད།

འོ་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་ཞིང་གཞི་བརྟན་པར་བྱ་བ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་།།

རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་ཕྱིར་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ།

རྒྱུད་དག་པར་བྱ་ཕྱིར་ཡན་ལག་བདུན་གྱིས་ཚོགས་བསགས་པ་རྣམས་ཚོགས་ཆུང་དུས་དོན་ཆེན་པོ་སྒྲུབ་པར་མ་ཟད་དབང་གི་འབྲས་བུ་ཆགས་པ་ལའང་མེད་དུ་མི་རུང་བ་ལགས་པས།

དེ་དག་རང་རང་གི་ཚིག་དོན་ཡིད་ལ་བརྣག་པས་འདིའི་རྗེས་ཟློས་མཛད་པར་ཞུ།

རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལཿ

དུས་གསུམ་བཞུགས་ལ་ཕྱག་འཚལ་ལོཿ

མཆོག་གསུམ་བསྟན་པའི་ཞིང་གྱུར་ལཿ

གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆིཿ

དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའིཿ

དག་པའི་མཆོད་པ་བཞེས་སུ་གསོལཿ

དངོས་གྲུབ་ཆུ་བོ་གཅོད་པའི་གེགསཿ

ཉེས་བྱས་མ་ལུས་བཤགས་པར་བགྱིཿ

ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོསཿ

མ་ཆགས་སྤྱོད་ལ་རྗེས་ཡི་རང་ཿ

དག་པའི་མཐའ་བཞི་དྲི་མ་མེདཿ

རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོཿ

བདེ་གཤེགས་དབང་ཕྱུག་སེམས་ཅན་ལཿ

དགོས་པ་གསུམ་ཕྱིར་ལུས་འབུལ་ལོཿ

ཚེ་རབས་བགྲངས་པའི་དགེ་བ་ཀུནཿ

བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོཿ

ལན་གསུམ་བརྗོད་ལ།

སླར་ཡང་གསོལ་བ་གདབ་པ་འདིའི་རྗེས་ཟློས་གྱིས༔ ཞེས་བརྡ་སྦྱར་ལ།

འཆི་མེད་མགོན་པོ་པདྨ་འབྱུང་༔

སྲོག་གི་འཇིགས་པས་སྐྲག་པ་ལ༔

ཐུགས་རྗེ་ཆེན་པོས་ཉེར་དགོངས་ནས༔

ཚེ་ཡི་དབང་དང་དངོས་གྲུབ་སྩོལ༔

ཅེས་ལན་གསུམ་རྗེས་སུ་སློབ་མ་ནི༔ ལས་ཆུས་བསངས་ལ་གུ་རུར་བསྐྱེད༔

ཨོཾ་མ་ཧཱ་ཤུནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ལྦ་ཨདྨ་ཀོ྅ཧཾ༔

ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་སྟོང་པ་ཉིད་དུ་གྱུར།

སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་ཟླའི་གདན་གྱི་སྟེང་དུ།

སློབ་མ་རྣམས་ཀྱི་གདོས་བཅས་ཤ་ཁྲག་གི་ཕུང་པོ་མི་དམིགས་པར་ནམ་མཁའ་ལ་ཚོན་རིས་བཀྲ་བ་བཞིན་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་སྤྱི་གཟུགས་སྣང་ཞིང་སྲིད་པའི་ཆོས་རྣམས་ཟིལ་གྱིས་གནོན་པའི་རྣམ་འགྱུར་དང་བཅས་པའི་རིག་འཛིན་གྱི་རྒྱལ་པོ་པདྨ་འབྱུང་གནས་ཞལ་གཅིག་ཕྱག་གཉིས་པ་དཀར་ལ་དམར་བའི་མདངས་ཆགས་པ།

བྱང་སེམས་ཀྱི་ཐེག་པ་རྫོགས་པའི་རྟགས་སུ་གསང་གོས་དཀར་པོ་དང་།

སྔགས་ཀྱི་ཐེག་པ་རྫོགས་པའི་ཟ་བེར་མཐིང་ག །

སོ་སོར་ཐར་པ་རྫོགས་པའི་རྟགས་སུ་ཆོས་གོས་དམར་པོ་གསེར་མདོག་གི་ལེའུས་སྤྲས་པ་ཅན་མནབས་པ།

ཕྱག་གཡས་ཐབས་ཀྱི་རང་བཞིན་རྡོ་རྗེ་རྩེ་ལྔ་པ་གསོར་ཞིང་བསྡིགས་པའི་ཚུལ་གྱིས་འཛིན་པ།

གཡོན་པས་ཀ་པཱ་ལ་དུམ་བུ་གཅིག་པ་ཛ་གད་ཀྱིས་བཀང་བའི་ནང་ན། འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་བལྟམས་པའི་ཚེ་བུམ་རྒྱན་ལྡན་དང་བཅས་པ་ཟུང་འབྲེལ་དུ་བསྣམས་པ།

མཆན་ཁུང་གཡོན་ན་ལྷ་ལྕམ་མནྡྷཱ་ར་བ་རང་འོད་ཀྱི་ཚུལ་དུ་སྐུ་ལ་འཁྲིལ་བ།

དབུ་ལ་པད་ཞྭ་པདྨ་ཁ་ཕྱེས་པ་ལྟ་བུ་རྒོད་སྒྲོ་དར་སྣ་ཉི་ཟླ་རྒྱ་གྲམ་གྱིས་མཚན་པ་གསོལ་བ།

ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ།

དེ་ལྟར་དུ་གསལ་བའི་སྤྱི་བོར་ཟླ་བའི་སྟེང་དུ་ཨོཾ་དཀར་པོ། །

མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ། །

ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་མཐིང་ཀ་གསུམ་གསལ་བ་དང་།

ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་མཁའ་ཁྱབ་ཏུ་འཕྲོས་པས།

ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་།

ཁྱད་པར་ལྷོ་ནུབ་པདྨ་འོད་ཀྱི་ཕོ་བྲང་ནས་རིག་འཛིན་གྱི་གཙོ་བོ་པདྨ་འོད་འབར་ལ་འཁོར་རིག་འཛིན་བརྒྱད་སོགས་དཔའ་བོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་མདུན་གྱི་ནམ་མཁར་སྤྲིན་དཔུང་གཏིབས་པ་ལྟར་བྱོན་པར་གྱུར།

ཅེས་བསམས་ལ།

ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔

པདྨ་གེ་སར་སྡོང་པོ་ལ༔

ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔

པདྨ་འབྱུང་གནས་ཞེས་སུ་གྲགས༔

འཁོར་དུ་མཁའ་འགྲོ་མང་པོ་དང་༔

རིག་འཛིན་གྲུབ་ཐོབ་རྒྱ་མཚོས་བསྐོར༔

ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔

བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔

གནས་མཆོག་འདི་རུ་བྱིན་ཕོབ་ལ༔

སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔

བགེགས་དང་ལོག་འདྲེན་བར་ཆད་སོལ༔

མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔

ཞེས་གསོལ་བ་བཏབ་པ་ཙམ་གྱིས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་།

ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པ་སྐུའི་ཞིང་ཁམས་དང་།

རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་དང་།

འགྲོ་འདུལ་སྤྲུལ་སྐུའི་ཞིང་གི་གཙོ་བོར་གྱུར་པ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དང་།

ལྷོ་ནུབ་པདྨ་འོད་ཀྱི་ཕོ་བྲང་སོགས་རབ་འབྱམས་རྒྱ་མཚོའི་ཞིང་ཁམས་ན་བཞུགས་པའི་སྐུ་གསུམ་རྒྱལ་བ་རྒྱ་མཚོའི་འཁོར་དང་བཅས་པ་རྣམས་ཨོ་རྒྱན་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་པར་རོལ་པས་སྔོན་གྱི་ཐུགས་དམ་དུས་ལ་བབས་པ་ཇི་བཞིན།

ནམ་མཁའ་ནས་བྱོན་པ་ཐམས་ཅད་ཁ་བ་བུ་ཡུག་འཚུབས་པ་ལྟ་བུ།

བར་སྣང་ནས་བྱོན་པ་ཐམས་ཅད་སྦྲང་ཆར་བབས་པ་ལྟ་བུ།

ས་གཞི་ནས་བྱོན་པ་ཐམས་ཅད་ས་རླང་བྱུང་བ་བཞིན་ས་གསུམ་གྱི་གནས་ཡོངས་སུ་གང་ཞིང་།

བཛྲ་གུ་རུའི་སྒྲ་འབྲུག་སྟོང་དུས་གཅིག་ལྡིར་བ་ལྟ་བུའི་གསང་སྔགས་ཀྱི་རང་སྒྲ་དང་བཅས་ཏེ་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབས་པ་བཞིན་ཁྱེད་རང་རྣམས་ཨུ་རྒྱན་ཚེ་དཔག་མེད་དུ་གསལ་བའི་ལུས་ངག་ཡིད་གསུམ་ལ་དབྱེར་མེད་དུ་ཐིམ་པའི་མོས་པ་གྱིས་ཤིག །

ཅེས་བརྡ་སྦྱར་ལ།

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་སྩལ༔ བཛྲ་ས་མ་ཡ་ཛཿཛ༔

ཞེས་རོལ་མོའི་སྒྲ་ཆེན་པོ་དང་བཅས།

དམ་ཡེ་དབྱེར་མེད་དུ་གྱུར་པའི་མོས་པ་བརྟན་པོ་མཛོད་ཅིག །

ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔

སྔགས་དེ་ལན་གསུམ་དང་། སྤྱི་བོར་རྒྱ་གྲམ་བཞག་ཚུལ་བྱས་མཐར།

སྤྱི་བོར་ཚེ་དཔག་མེད་ཡབ་ཡུམ༔

མཉམ་པར་སྦྱོར་བའི་མཁའ་གསང་ནས༔

བདེ་ཆེན་བྱང་སེམས་བདུད་རྩིའི་རྒྱུན༔

བབས་པས་ལུས་གང་བདེ་བས་མྱོས༔

རྡོ་རྗེའི་སྲོག་ལ་དབང་ཐོབ་དམིགས༔

ཞེས་རྒྱས་གདབ་མཐར

ཚེ་བསྐུལ་བྱ་བ་ནི།

དེ་ནས་སློབ་དཔོན་ཚེ་དཔག་མེད་དུ་གསལ་བ་དང་མདུན་བསྐྱེད་ཀྱི་

བདག་མདུན་གྱི་

ཐུགས་ཀ་ནས་འོད་ཟེར་དཀར་འཚེར་བ་ཐག་འཛིངས་པ་ལྟ་བུ་བུན་བུན་འཕྲོས་འོག་མིན་དག་པའི་ཞིང་ངེས་པ་ལྔ་ལྡན་རྟག་པ་རྒྱུན་གྱི་འཁོར་ལོའི་ཡོན་ཏན་དང་ཕྲིན་ལས་

རིག་འཛིན་དྲང་སྲོང་རྣམས་ཀྱི་བསྐལ་པར་གནས་པའི་ཚེ་བཅུད།

བརྟན་པ་སྣོད་ཀྱི་འཇིག་རྟེན་དང་། གཡོ་བ་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་བཀྲག་མདངས་གཟི་བྱིན་དངས་བཅུད།

ཚེ་དཔལ་བསོད་ནམས་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་བསྡུས་ནས་

ཁྱེད་རང་ལ་ཐིམ་པའི་མོས་པ་མཛོད། །

མདའ་དར་ཚད་བཞག་གདུང་ཤུགས་བསྐྱེད༔

ཨོཾ༔ རང་སྣང་ཟངས་མདོག་དཔལ་གྱི་རི༔

ལྔ་ལྡན་རང་བྱུང་ཕོ་བྲང་ནས༔

བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔

འཇའ་ལུས་རིག་འཛིན་ཚོགས་དང་བཅས༔

ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔

འཆི་མེད་ནམ་མཁའི་བཅུད་བསྡུས་ལ༔

རྣམ་ཤེས་ཁམས་ནས་ཡར་བའི་ཚེ༔

དབྱིངས་ཕྱུག་རིག་པའི་ཀློང་དུ་བསྐྱིལ༔

 

འགྱུར་མེད་སྲོག་གི་ཀ་བ་ཚུགས༔

ཚེ་མདའ་འདི་ལ་ཚད་ཅིག་སྟོན༔

སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུར༔

སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་མ་ཧཱ་པུ་ཎྱེ་ཚེ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཧཱུྃ།

ཧཱུྃ༔ ཤར་ནས་རིག་འཛིན་ཧཱུྃ་ཀ་ར༔

ཡང་དག་ཐུགས་ཀྱི་ཀློང་ནས་བཞེངས༔

འབྱུང་བ་ཆུ་ཡི་བཅུད་བསྡུས་ལ༔

ཁྲག་གི་ཁམས་ནས་ཡར་བའི་ཚེ༔

མ་མ་ཀི་ཡི་ཀློང་དུ་བསྐྱིལ༔

 

འགྱུར་མེད་སྲོག་གི་ཀ་བ་ཚུགས༔

ཚེ་མདའ་འདི་ལ་ཚད་ཅིག་སྟོན༔

སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུར༔

སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་མ་ཧཱ་པུ་ཎྱེ་ཚེ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཧཱུྃ།

ཏྲཱཾ༔ ལྷོ་ནས་རིག་འཛིན་མཉྫུ་ཤྲཱི༔

འཇམ་དཔལ་སྐུ་ཡི་ཀློང་ནས་བཞེངས༔

འབྱུང་བ་ས་ཡི་བཅུད་བསྡུས་ལ༔

ཤ་ཡི་ཁམས་ནས་ཡར་བའི་ཚེ༔

སངས་རྒྱས་སྤྱན་མའི་ཀློང་དུ་བསྐྱིལ༔

 

འགྱུར་མེད་སྲོག་གི་ཀ་བ་ཚུགས༔

ཚེ་མདའ་འདི་ལ་ཚད་ཅིག་སྟོན༔

སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུར༔

སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་མ་ཧཱ་པུ་ཎྱེ་ཚེ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཧཱུྃ།

ཧྲཱིཿ ནུབ་ནས་རིག་འཛིན་ནཱ་གརྫུ༔

པདྨ་གསུང་གི་ཀློང་ནས་བཞེངས༔

འབྱུང་བ་མེ་ཡི་བཅུད་བསྡུས་ལ༔

དྲོད་ཀྱི་ཁམས་ནས་ཡར་བའི་ཚེ༔

གོས་དཀར་མོ་ཡི་ཀློང་དུ་བསྐྱིལ༔

 

འགྱུར་མེད་སྲོག་གི་ཀ་བ་ཚུགས༔

ཚེ་མདའ་འདི་ལ་ཚད་ཅིག་སྟོན༔

སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུར༔

སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་མ་ཧཱ་པུ་ཎྱེ་ཚེ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཧཱུྃ།

ཨཱཿ བྱང་ནས་རིག་འཛིན་པྲ་བྷ་ཧ༔

ཕྲིན་ལས་ཕུར་བའི་ཀློང་ནས་བཞེངས༔

འབྱུང་བ་རླུང་གི་བཅུད་བསྡུས་ལ༔

དབུགས་ཀྱི་ཁམས་ནས་ཡར་བའི་ཚེ༔

དམ་ཚིག་སྒྲོལ་མའི་ཀློང་དུ་བསྐྱིལ༔

 

འགྱུར་མེད་སྲོག་གི་ཀ་བ་ཚུགས༔

ཚེ་མདའ་འདི་ལ་ཚད་ཅིག་སྟོན༔

སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུར༔

སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་མ་ཧཱ་པུ་ཎྱེ་ཚེ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཧཱུྃ།

ཛཿ ཤར་ལྷོ་རིག་འཛིན་དྷ་ན་སཾ༔

རྦོད་གཏོང་ཟིལ་གནོན་བརྟུལ་ཞུགས་བསྐྱེད༔

ཀློང་གྱུར་ཡེ་ཤེས་ལྕགས་ཀྱུ་ཡིས༔

འཁྱམས་དང་ཡར་བའི་བླ་ཚེ་ཁུག༔

 

འགྱུར་མེད་སྲོག་གི་ཀ་བ་ཚུགས༔

ཚེ་མདའ་འདི་ལ་ཚད་ཅིག་སྟོན༔

སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུར༔

སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་མ་ཧཱ་པུ་ཎྱེ་ཚེ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཧཱུྃ།

ཧཱུྃ༔ ལྷོ་ནུབ་རིག་འཛིན་བི་མ་ལ༔

ཚེ་ལ་དབང་བའི་བརྟུལ་ཞུགས་བསྐྱེད༔

འདའ་དཀའ་ཡེ་ཤེས་ཞགས་པ་ཡིས༔

འཐོར་བ་ཁུག་ལ་ཟད་པ་བསྲིང་༔

 

འགྱུར་མེད་སྲོག་གི་ཀ་བ་ཚུགས༔

ཚེ་མདའ་འདི་ལ་ཚད་ཅིག་སྟོན༔

སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུར༔

སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་མ་ཧཱ་པུ་ཎྱེ་ཚེ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཧཱུྃ།

བཾ༔ ནུབ་བྱང་རིག་འཛིན་རོམ་བུ་གུ༔

དྲེགས་པ་ཟིལ་གནོན་བརྟུལ་ཞུགས་བསྐྱེད༔

དབྱིངས་སྒྲོལ་ཡེ་ཤེས་ལྕགས་སྒྲོག་གིས༔

ལྷ་འདྲེས་བརྐུས་པའི་བླ་ཚེ་སྲོག༔

 

འགྱུར་མེད་སྲོག་གི་ཀ་བ་ཚུགས༔

ཚེ་མདའ་འདི་ལ་ཚད་ཅིག་སྟོན༔

སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུར༔

སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་མ་ཧཱ་པུ་ཎྱེ་ཚེ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཧཱུྃ།

ཧོ༔ བྱང་ཤར་རིག་འཛིན་ཤཱནྟིཾ་གྷར༔

མངོན་སྤྱོད་དམོད་པའི་བརྟུལ་ཞུགས་བསྐྱེད༔

མཐའ་གྲོལ་ཡེ་ཤེས་དྲིལ་བུ་ཡིས༔

བྱད་དུ་བཅུག་པའི་བླ་ཚེ་བསྡུས༔

 

འགྱུར་མེད་སྲོག་གི་ཀ་བ་ཚུགས༔

ཚེ་མདའ་འདི་ལ་ཚད་ཅིག་སྟོན༔

སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུར༔

སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་མ་ཧཱ་པུ་ཎྱེ་ཚེ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཧཱུྃ།

ཞེས་བཀུག་ཚེ་པྲ་བརྟགས་པའི་རྗེསཿ རྒྱས་གདབ་ཚེ་མདའ་དྲང་པོར་བསྲངསཿ

ཚེ་དབང་བསྐུར་བ་དངོས་ནི།

བུམ་པ་ཐོགས་ཏེ།

བུམ་པ་འདི་ཉིད་ཕྱི་རིན་པོ་ཆེའི་བུམ་པའི་དབྱིབས་ལ།

ནང་འགྱུར་བ་མེད་པ་རྡོ་རྗེའི་ཕོ་བྲང་དུ་ཨོ་རྒྱན་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་མངོན་སུམ་བཞིན་གསལ་བའི་སྐུ་ལས་འཆི་མེད་ཚེའི་བདུད་རྩིའི་རྒྱུན་ཆེན་པོ་བབས་པ།

སློབ་མ་རྣམས་ཀྱི་སྤྱི་བོ་ནས་ཞུགས་པས། ལུས་ཡོངས་སུ་གང་ཞིང་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད།

ཅེས་བརྡ་སྦྱར་ལ།

ཧྲཱིཿ སྣང་སྲིད་གཞོན་ནུ་བུམ་པའི་སྐུ༔

སྐྱེ་འཆི་བྲལ་བའི་བཅུད་ཀྱིས་གཏམས༔

སྐལ་ལྡན་བུ་ལ་དབང་བསྐུར་བས༔

འཆི་མེད་རྡོ་རྗེ་སྲོག་འགྲུབ་ཤོག༔

ཅེས་ཚེ་འཛབ་དང་།

ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔

བུམ་ཆུ་སྦྱིན་མཐར།

ཚེ་དབང་དུ་གྱུར་ཅིག །

དབང་དངོས་གྲུབ་ཏུ་གྱུར་ཅིག །

ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཅིག །

མི་འགྱུར་བ་གཡུང་དྲུང་ལྟ་བུར་གྱུར་ཅིག །

མི་ནུབ་པ་རྒྱལ་མཚན་ལྟ་བུར་གྱུར་ཅིག །

ཚེ་སྲོག་རྡོ་རྗེ་བྲག་རི་བས་སྲ་ཞིང་བརྟན་པ་ལ་མངའ་བརྙེས་པར་གྱུར་ཅིག །

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་མ་ཧཱ་པུ་ཎྱེ་ཚེ་བྷྲཱུཾ་ནྲྀ་ཛཿསརྦ་སིདྡྷི་ཧཱུྃཿ

ཚེ་གཟུངས་བརྗོད། ཚེ་ཆང་བྱིན་པ་ནི།

ཚེ་ཆང་འདི་ཉིད་ངོ་བོ་འཆི་མེད་མགོན་པོ་སྟངས་དཔྱལ་གྱི་བྱང་སེམས་བདུད་རྩིའི་རང་བཞིན་ཡིན་པ་ཁྱེད་རང་གི་ངག་ཏུ་བླུད་པ་ཙམ་གྱིས་བདེ་སྟོང་འགྱུར་བ་མེད་པའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད༔ ཅེས་བརྗོད་ལ།

ཧྲཱིཿ བདེ་ཆེན་ཡུམ་ལྔའི་བྷན་དྷ་རུ༔

འཆི་མེད་བྱང་སེམས་བདུད་རྩིར་འཁྱིལ༔

སྐལ་ལྡན་བུ་ལ་བྱིན་པ་ཡིས༔

སྐྱེ་འཆི་མེད་པའི་དབང་ཐོབ་ཤོག༔

རྩ་སྔགས་དང་༔

ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ

ཅེས་བརྗོད་ཅིང་ཚེ་ཆང་བྱིན་ནས།

ཚེ་དབང་དུ་གྱུར་ཅིགཿ

སོགས་གོང་ལྟར་བརྗོད་ཅིང་།

ཚེ་རིལ་སྦྱིན་པ་ནི།

ཚེ་རིལ་འདི་ཉིད་འཁོར་འདས་སྣང་སྲིད་ཡོངས་ཀྱི་ཚེ་བསོད་དཔལ་འབྱོར་བཅུད་དུ་དྲིལ་བའི་རྫས་མཆོག་ཏུ་དམིགས་ཏེ།

ཁྱེད་རང་གི་མགྲིན་པའི་ལམ་དུ་བསྟིམ་པ་ཙམ་གྱིས་རྡོ་རྗེའི་སྲོག་ལ་དབང་ཐོབ་པའི་མོས་པ་མཛོད། ཅེས་བརྗོད་ལ།

ཧྲཱིཿ བརྟན་གཡོའི་ཁམས་དང་སྟོབས་བཅུའི་དཔལ༔

ཡོངས་ཀྱི་བཅུད་འདུས་ཚེའི་རིལ་བུ༔

རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔

རྡོ་རྗེའི་སྲོག་ལ་དབང་ཐོབ་ཤོག༔

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་མཧཱ་པུཎྱེ་ཚེ་བྷྲཱུཾ་ནྲྀ་ཛཿསརྦ་སིདྡྷི་ཧཱུྃཿ

ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ

ཞེས་བརྗོད་ཅིང་ཚེ་རིལ་བྱིན།

ཚེ་དབང་དུ་གྱུར་ཅིག །

དབང་དངོས་གྲུབ་ཏུ་གྱུར་ཅིག །

ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཅིག །

མི་འགྱུར་བ་གཡུང་དྲུང་ལྟ་བུར་གྱུར་ཅིག །

མི་ནུབ་པ་རྒྱལ་མཚན་ལྟ་བུར་གྱུར་ཅིག །

ཚེ་སྲོག་རྡོ་རྗེའི་བྲག་རི་བས་སྲ་ཞིང་བརྟན་པ་ལ་མངའ་བརྙེས་པར་གྱུར་ཅིག །

ཚེ་གཟུངས་བཟླས་མཐར་སྤྲོ་ན་ཚེ་བསྐུལ་རྒྱས་པ་བྱ་ཞིང་།

དེ་ལྟར་མི་སྤྲོ་ན་ཚེ་མདའ་ཐོགས་ལ།

ཧྲཱིཿ ལྷ་དང་རིག་འཛིན་ཚེ་ཡི་བདག༔

ཅིས་ཀྱང་མི་ཆོད་མི་ཤིགས་པའི༔

ཚེ་སྲིང་བླ་ཁུག་རྒྱས་ཐོབ་ལ༔

འཆི་མེད་ཚེ་དབང་འདིར་སྩོལ་ཅིག༔

ཚེ་གཟུངས་བཟླ་བཞིན་ཚེ་མདའ་མགོར་བཞག །

ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེཔུཎྱེ། མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྡྷརྨཱ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ།

ཚེ་དབང་དུ་གྱུར་ཅིག །

དབང་དངོས་གྲུབ་ཏུ་གྱུར་ཅིག །

ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཅིག །

མི་འགྱུར་བ་གཡུང་དྲུང་ལྟ་བུར་གྱུར་ཅིག །

མི་ནུབ་པ་རྒྱལ་མཚན་ལྟ་བུར་གྱུར་ཅིག །

ཚེ་སྲོག་རྡོ་རྗེའི་བྲག་རི་བས་སྲ་ཞིང་བརྟན་པ་ལ་མངའ་བརྙེས་པར་གྱུར་ཅིག །

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་མ་ཧཱ་པུ་ཎྱེ་ཚེ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཧཱུྃ།

རྒྱས་གདབ་ཚེ་མདའ་དྲང་པོར་བསྲང་༔

ཨཱཿ འབྱུང་ལྔའི་དབྱིངས་སུ་འཁྱམས་པའི་ཚེ༔

ཡུམ་ལྔའི་ཀློང་དུ་རྒྱས་བཏབ་པས༔

ཡེ་ཤེས་ལྔ་ལ་སྐྱེ་འཆི་མེད༔

སྐུ་ལྔའི་དབྱིངས་སུ་ཚེ་སྦས་པ༔

རིགས་ལྔའི་རྒྱལ་བས་ཀྱང་མི་གཟིགས༔

དྷརྨཱ་དྷརྟུ་བཛྲ་རཀྵཿས་རྒྱས་གདབ།

སྤྲོ་ན་བཀྲ་ཤིས་རྫས་རྟགས་ཀྱིས་མངའ་གསོལ།

གཞན་བཀྲ་ཤིས་ཅི་རིགས་པར་བརྗོད་ཅིང་།

དེ་ནས་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་དུ་བསྲུང་སྙམ་པས་འདི་ཡི་རྗེས་ཟློས་གྱིས།

གཙོ་བོས་ཇི་ལྟར་བཀའ་སྩལ་པ། །

དེ་དག་ཐམས་ཅད་བདག་གིས་བགྱི། ལན་གསུམ་གྱི་མཐར།

 

དེ་ལྟར་ཚེའི་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ།

ཞེས་འབུལ་བཅུག །

དེ་ལྟར་ཚེ་ཡི་དབང་བསྐུར་ལེགས་པར་གྲུབ་པའི་དགེ་བ་འདིས་མཚོན་པའི་དུས་གསུམ་བསགས་ཡོད་ཀྱི་དགེ་བ་རྣམས་མཁའ་མཉམ་སེམས་ཅན་གྱི་དོན་དུ་བསྔོ་བར་ཞུ།

ཞེས་མཐའ་རྒྱས་སུ་བྱའོ། །

ཚེ་དབང་བརྒྱ་རྩ་གྲངས་གསོག་ན།

དང་པོ་མཎྜལ།

འཆི་མེད་མགོན་པོ་པདྨ་འབྱུང་ཿ

གིས་གསོལ་གདབ། སློབ་མ་ལྷར་བསྐྱེད། ཡེ་ཤེས་དབབ། ཚེ་བསྐུལ། ཚེ་བུམ། ཚེ་ཆང་། ཚེ་རིལ། རྒྱས་གདབ་བཀྲ་ཤིས་བཅས་བསག་ཚུལ་ཟུར་བཀོལ་ལྟར་རོ། །འདིར་སྨྲས་པ།

 

སྙིགས་དུས་འགྲོ་བའི་སྐྱབས་གཅིག་པད་འབྱུང་དང་། །
དབྱེར་མེད་མཁྱེན་བརྩེའི་འོད་ཟེར་འཇིགས་མེད་གླིང་། །
གང་དེའི་དགོངས་གཏེར་ནམ་མཁའི་མཛོད་ཆེན་ལས། །
ལེགས་བྱུང་ཚེ་སྒྲུབ་བདུད་རྩི་བུམ་བཅུད་རྨད། །

དེ་ཡི་སྨིན་བྱེད་ཁྲིགས་སུ་བསྡེབས་པ་འདི། །
རྒྱ་མཚོའི་འཇིང་ལས་ཡིད་བཞིན་དབང་པོ་མཆོག །
ལེགས་བཏོན་སྐལ་བཟང་དད་ལྡན་སྐྱེས་མཆོག་གི། །
གཙུག་གི་རྒྱན་དུ་བྱིན་གྱིས་དད་པ་དང་། །

དངས་པའི་སེམས་ཀྱིས་ལོངས་ལ་གདུལ་བྱའི་འགྲོའི། །
ཚེ་སྲོག་ཉམས་པ་གསོ་བའི་སེམས་བསྐྱེད་ཀྱིས། །
འདིར་བརྩོན་ཐབས་མཆོག་བླ་ན་མེད་པ་འདིས། །
ཀུན་ཀྱང་འཆི་བའི་འཇིགས་ལས་དབུགས་འབྱིན་ཤོག །

 

ཅེས་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་ཚེ་སྒྲུབ་བདུད་རྩི་བུམ་བཅུད་ཀྱི་ཚེ་དབང་བསྐུར་ཐབས་དོན་གཉིས་ལྷུན་གྲུབ་ཡིད་བཞིན་དབང་གི་རྒྱལ་པོ་ཞེས་བྱ་བ་འདི་ཉིད་བླ་མ་རྡོ་རྗེ་འཛིན་པ་འཇིགས་མེད་ཤཱཀྱ་སེང་གེས་བསྐུལ་ངོར་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་སྤེལ་བས་ཡི་གེ་པ་ནི་དད་ལྡན་སངས་རྒྱས་བཟང་པོའམ་སངས་རྒྱས་འོད་གསལ་གྱིས་བགྱིས་པའི་དགེ་བས་འགྲོ་རྣམས་འཆི་མེད་མགོན་པོའི་དཔལ་ཡོན་ལ་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །དགེའོ། །སརྦ་མངྒ་ལཾ།། །།

 

རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར།

Amitāyus and Consort

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept