The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Longchenpa Guru Yoga—Tibetan

English | Français | བོད་ཡིག

༄༅། །ཀུན་མཁྱེན་ཀློང་ཆེན་པའི་བླ་མའི་རྣལ་འབྱོར་ཡེ་ཤེས་སྣང་སྟེར་ཅེས་བྱ་བ་བཞུགས་སོ། །

 

བླ་མ་ལ་ཕྱག་འཚལ་ལོ། །

ཀུན་མཁྱེན་ཆོས་ཀྱི་རྒྱལ་པོར་མི་ཕྱེད་པའི་དད་པ་དང་མོས་གུས་དྲག་པོ་དང་ལྡན་པ་རྣམས་ཀྱིས་ལམ་ཟབ་མོ་འདི་ལ་འཇུག་པར་བྱ་སྟེ། དེ་ལ་ཐོག་མར་སྐྱབས་སེམས་ནི།

ཨཿ རང་བྱུང་སྟོང་གསལ་ཆོས་ཀྱི་དབྱིངས། །

ཡེ་ཤེས་སྐུ་ཅན་བླ་མ་ལ། །

མི་ཕྱེད་གུས་པས་སྐྱབས་སུ་མཆི། །

འགྲོ་རྣམས་བླ་མའི་སར་འགོད་བགྱི། །

རྟེན་བསྐྱེད་ནི།

ཨ། སྣོད་བཅུད་འཛིན་ཞེན་དག་པའི་ཀློང་། །

རང་བྱུང་འཇའ་འོད་འཁྲིགས་པའི་དབུས། །

སེང་ཁྲི་པད་མ་ཟླ་བའི་སྟེང་། །

རང་རིག་ཀུན་མཁྱེན་བླ་མ་ནི། །

ཞི་འཛུམ་པཎྜི་ཏ་ཡི་ཆས། །

སེམས་ཉིད་ངལ་གསོའི་ཕྱག་རྒྱ་ཅན། །

སྐུ་ལ་རྩ་གསུམ་དཀྱིལ་འཁོར་རྫོགས། །

མ་བསྐྱེད་ཡེ་རྫོགས་ལྷུན་གྱིས་གྲུབ། །

གཟོད་ནས་དམ་ཡེ་འདུ་འབྲལ་མེད། །

ཡེ་ཤེས་ལྷུན་གྲུབ་ཆེན་པོར་གསལ། །

ཚོགས་བསགས་པ་ནི།

རང་རིག་ལྷ་དང་གཉིས་སུ་མེད། །

དག་མཉམ་ཆེན་པོའི་ཕྱག་གིས་འདུད། །

འཁོར་འདས་རོ་མཉམ་ངང་དུ་མཆོད། །

སྡིག་ལྟུང་སྐྱེ་མེད་ཀློང་དུ་བཤགས། །

རང་གྲོལ་རིག་པ་རྗེས་ཡི་རངས། །

འཕོ་མེད་ཁྱབ་བརྡལ་ཆེན་པོར་བཞུགས། །

རྩོལ་བྲལ་ཆོས་འཁོར་བསྐོར་བར་བསྐུལ། །

ཆོས་དབྱིངས་ཡེ་གྲོལ་ཆེན་པོར་བསྔོ། །

མཎྜལ་ནི།

ཕྱི་སྣོད་འཇིག་རྟེན་དཔལ་འབྱོར་དང་། །

ནང་བཅུད་ཕུང་ཁམས་མཎྜ་ལར། །

དབྱིངས་སྣང་འཇའ་འོད་ཚོམ་བུ་བཀྲ། །

སྐུ་གསུམ་དོན་གྱི་ལྷ་ལ་འབུལ། །

ཨོཾ་གུ་རུ་མཎྜ་ལ་པཱུ་ཛ་ཨཱཿཧཱུྃ།

གསོལ་འདེབས་ནི།

འོད་གསལ་སྣང་བཞི་མཐར་ཕྱིན་ཅིང་། །

རིག་པ་མི་འགྱུར་སྐུ་ལྔར་བཞེངས། །

རང་བྱུང་གཟི་བརྗིད་དཔལ་དུ་འབར། །

གདོད་མའི་མགོན་པོ་ཀློང་ཆེན་པ། །

དྲི་མེད་འོད་ཟེར་ལ་ཕྱག་འཚལ། །

རྩེ་གཅིག་གུས་པས་གསོལ་བ་འདེབས། །

རྟག་ཏུ་ཐུགས་རྗེས་བྱིན་གྱིས་རློབས། །

ཡེ་ཤེས་སྣང་བ་རྒྱས་པར་མཛོད། །

བླ་མ་ཁྱེད་དང་མཉམ་པར་ཤོག །

ཨོཾ་ཨཱཿམ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ།

ཞེས་བཟླ།

དབང་བླང་བ་ནི། །

འོ། མཁྱེན་ནོ་མཁྱེན་ནོ་ཀུན་མཁྱེན་བླ་མ། །

བདག་རྒྱུད་བྱིན་གྱིས་བརླབ་པར་མཛོད་ཅིག །

ཡེ་ཤེས་རྡོ་རྗེའི་དབང་ཆེན་བསྐུར་ནས། །

སྐུ་བཞིའི་ས་བོན་ཐེབས་པར་མཛོད་ཅིག །

རྩེ་གཅིག་གསོལ་བ་བཏབ་པ་ལས། །

བླ་མ་དགྱེས་པའི་ཉམས་དང་ལྡན། །

བྱིན་རླབས་གཟི་བརྗིད་དཔལ་དུ་འབར། །

བླ་མའི་དཔྲལ་མགྲིན་ཐུགས་ཀ་ནས། །

རང་འདྲའི་སྐུ་དང་ཡིག་འབྲུ་གསུམ། །

འོད་ཟེར་བདུད་རྩི་དང་བཅས་བྱུང་། །

རང་གི་གནས་གསུམ་ཐིམ་པ་ཡིས། །

སྒྲིབ་དག་བྱིན་རླབས་དབང་བསྐུར་ཐོབ། །

སྐུ་བཞིའི་གོ་འཕང་རྒྱུད་ལ་བཞག །

མཐར་ནི་བླ་མ་འོད་དུ་ཞུ། །

དྷཱིཿཡིག་དམར་སེར་གྱུར་པ་ཉིད། །

རང་གི་སྙིང་དབུས་ཐིམ་པ་ལས། །

རིག་སྟོང་དགོངས་པའི་རྩལ་ཆེན་རྫོགས། །

ཡིད་དཔྱོད་སྤྲོས་དང་བྲལ་བ་ཡི། །

ཀ་དག་བློ་འདས་ངང་དུ་བཞག །

ཅེས་ཅི་གནས་སུ་མཉམ་པར་བཞག །

སླར་ཡང་ཙིཏྟའི་འོད་ཁྱིམ་དུ། །

དྷཱིཿཡིག་ཡོངས་སུ་གྱུར་པ་ལས། །

བླ་མ་འཇམ་དཔལ་ལོངས་སྤྱོད་རྫོགས། །

དམར་སེར་རལ་གྲི་གླེགས་བམ་འཛིན། །

ཞི་འཛུམ་དར་དང་རིན་ཆེན་བརྒྱན། །

ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །

ཐུགས་ཀར་ཟླ་བ་ལ་གནས་པའི། །

དྷཱིཿམཐར་སྔགས་ཀྱི་ཕྲེང་བས་བསྐོར། །

འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད། །

མཁྱེན་བརྩེའི་བྱིན་རླབས་ཐམས་ཅད་བསྡུས། །

བདག་བློའི་གཏི་མུག་མུན་པ་སེལ། །

བློ་གྲོས་སྣང་བ་རྒྱས་པར་གྱུར། །

ཨོཾ་སརྦ་དྷརྨཱ་བྷཱ་བ་སྭ་བྷཱ་ཝ་བི་ཤུདྡྷ་བཛྲ་ཨ་ཨཱ་ཨཾ་ཨཿ།

པྲ་ཀྲྀ་ཏི་པ་རི་ཤུདྡྷཱཿསརྦ་དྷརྨྰ་ཡ་དུ་ཏ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ་མཉྫུ་ཤྲྰི་པ་རི་ཤུདྡྷི་ཏཱ་མུ་པཱ་དཱ་ཡེ་ཏི་ཨ་ཨཱཿ།

སརྦ་ཏ་ཐཱ་ག་ཏ་ཧྲཱི་ད་ཡཾ་ཧ་ར་ཧ་ར།

ཨོཾ་ཧཱུྃ་ཧྲཱིཿབྷ་ག་བན་ཛྙཱ་ན་མཱུརྟི། བཱ་གཱི་ཤྭ་ར། མ་ཧཱ་བཱ་ཙ། སརྦ་དྷརྨ་ག་ག་ནཱ་མ་ལ་སུ་པ་རི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ།

ཞེས་དང་།

ཨོཾ་ཨ་ར་པ་ཙ་ན་དྷཱིཿ

ཅི་ནུས་དང་།

སྐབས་འགར་སྣོད་བཅུད་སྣང་བ་ཀུན། །
བླ་མ་འཇམ་དཔལ་དཔའ་བོ་ཡི། །
གནས་གསུམ་ཕྱག་རྒྱའི་རོལ་པར་བལྟ། །
རང་སྣང་སྤྲོ་དང་བསྡུ་བ་ཡི། །
རྩལ་སྦྱོང་དག་ལ་ཡང་ཡང་འབད། །

ཐུན་མཐར་དགེ་བ་བསྔོ་བ་ནི།

དགེ་འདིས་མཐའ་ཡས་སེམས་ཅན་ཀུན། །

ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང་། །

འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །

གོ་འཕང་ཚེ་འདིར་མངོན་བྱས་ཏེ། །

སྲིད་གསུམ་གྲོང་ཁྱེར་སྟོང་གྱུར་ཅིག །

ཅེས་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྨོན་ལམ་གྱིས་རྒྱས་གདབ་ཅིང་བླ་མའི་ལམ་ཁྱེར་དང་མ་བྲལ་བར་བྱའོ། །

 

ཅེས་པའང་དགེ་སློང་ཀུན་དགའ་རབ་རྒྱས་ཀྱི་ངོར། འཇམ་དབྱངས་བློ་གྲོས་རྒྱ་མཚོས་ཐ་སྐར་ཟླ་བའི་ཚེས་བཅུ་ལ་སྨྲས་རིམ་བཞིན་བསྐུལ་བ་པོས་ཡི་གེར་བཀོད་པ་འདིས་ཀྱང་དཔལ་ལྡན་བླ་མའི་བྱིན་བརླབ་སྙིང་དབུས་སུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

ཀློང་ཆེན་རབ་འབྱམས།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept