Düsum Sangyé Commentary—Tibetan

Practices › PrayersGuru Rinpoche Prayers | Collections & Cycles › Chokling Tersar | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | Español | Français | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Guru Padmasambhava

༄༅། །གུ་རུའི་གསོལ་འདེབས་དུས་གསུམ་སངས་རྒྱས་ཀྱི་འགྲེལ་པ་རྡོ་རྗེའི་ཚིག་གི་སྦས་འབྱེད་ཅེས་བྱ་བ་བཞུགས་སོ། །

པདྨའི་འབྱུང་གནས་པདྨའི་གཙོ། །པདྨ་རྒྱལ་ལ་གུས་བཏུད་ནས། །རྡོ་རྗེའི་ཚིག་གི་སྦས་འབྱེད་ནི། །འབྲི་ལ་ཌཱ་ཀིས་གནང་བ་སྩོལ། །དེ་ཡང་གསོལ་འདེབས་འདི་ལ། དོན་གསུམ་སྟེ། ཕྱི་ཚིག་དོན་ལྟར་བཤད་པ། ནང་སྦས་དོན་ལྟར་བཤད་པ། གསང་བ་མཐར་ཐུག་གི་དོན་དུ་བཤད་པ་དང་གསུམ་ལས། །དང་པོ་ནི། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ། ཞེས་སོགས་ཀྱིས་བསྟན་ཏེ། དེ་ཡང་སེམས་ཅན་དང་སངས་རྒྱས་གང་ཡང་མ་བྱུང་བའི་བསྐལ་པའི་ཐོག་མར་སྟོན་པ་འཁོར་འདས་ཀྱི་མེས་པོ་ཆོས་སྐུ་ཀུན་ཏུ་བཟང་པོའི་བྱིན་རླབས་ཀྱིས་ལོངས་སྐུ་རིགས་ལྔ་སྣང་བ་ལས་རྒྱན་སྟུག་པོ་བཀོད་པ་སོགས་ཀྱི་ཞིང་ཁམས་ཀྱི་སྤྲིན་ཆེན་འབྱམས་ཀླས་པར་བཀོད་པ་དང་། དེ་ལས་མཆོག་གི་སྤྲུལ་པ་ཞི་བ་དང་། ཁྲོ་བོ། རིག་པ་འཛིན་པ་དང་དཔའ་བོ་རྣལ་འབྱོར་མ་སོགས་གདུལ་བྱ་དམན་དད་མཆོག་གི་རིམ་པས་འདུལ་བྱེད་སྟོན་པ་ཡང་ཚད་མེད་པ་སྟེ། གུ་རུ་རྡོ་རྗེའི་གསུང་ལས། རང་བྱུང་པདྨར་ཞེས་བྱར་གྲགས་པ་ང་༔ ཞེས་སོགས་རྣམ་འཕྲུལ་ཚད་མེད་པ་ལས་རེ་ཞིག་གླིང་བཞི་པའི་འཇིག་རྟེན་ཁམས་ཀྱི་འཛམ་གླིང་འདིའི་ཡུལ་དབུས་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཨོ་ཌི་ཡ་ན་སྟེ་འཕུར་འགྲོའི་གླིང་ཞེས་ཟུར་ཆག་གི་སྐད་དུ་ཨོ་རྒྱན་གྱི་ཡུལ་གྱི་ནུབ་བྱང་སིནྡྷའི་རྒྱ་མཚོར་རྫུས་སྐྱེས་སུ་བྱོན་པའི་སློབ་དཔོན་ཆེན་པོ་འདི་ཉིད་ཀྱི་མཛད་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་ལས་གཙོ་བོར་གངས་ཅན་བོད་ཡུལ་གྱི་བསྟན་འགྲོའི་དོན་མཐའ་ཡས་པར་མཛད་པའི་སྐབས་ཤིག་ཆོས་རྒྱལ་ཡབ་སྲས་གཙོ་བོར་གྱུར་པའི་རྗེ་འབངས་རྣམས་ལ་གསོལ་འདེབས་རྡོ་རྗེའི་ཚིག་འདི་ཆོས་ཉིད་ཀྱི་རང་སྒྲ་ཡོངས་ལ་བཀའ་སྩལ་བའི་དོན་ནི་འདི་ལྟར་ཏེ། །འདས་མ་འོངས་ད་ལྟ་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་རྣམས་སྤངས་རྟོགས་ཡོངས་སུ་རྫོགས་ཤིང་དོན་གཉིས་མཐར་ཕྱིན་པའི་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་ཀྱི་སྤྲུལ་པ་དང་། བྱིན་རླབས་གཅིག་ཏུ་བསྡུས་པ་གུ་རུ་སྟེ། བླ་མ་ཨོ་རྒྱན་རིན་པོ་ཆེ་ནི་བསམ་འཕེལ་དབང་གི་རྒྱལ་པོ་དང་ཆོས་མཚུངས་པ་འདི་ཕྱིའི་མཆོག་ཐུན་དགེ་ལེགས་ཀྱི་དངོས་གྲུབ་ཐམས་ཅད་ཀུན་འབད་མེད་དུ་སྩོལ་བའི་མཐུ་དང་ལྡན་པས་ན་བདག་སེམས་བྱེད་པ་པོ་གང་གི་སྲིད་ཞིའི་སྤྱི་དཔལ་ཡིན་པས་དད་མོས་སྐལ་བ་དང་ལྡན་ན་དངོས་གྲུབ་སྩོལ་བའི་མཐུ་སྟོབས་མཚུངས་པ་མེད་པ་ཡིན་པ་དང་། དེ་ཉིད་ལ་མཚན་གྱི་རྣམ་གྲངས་ཞིང་ཁམས་ཀུན་ཏུ་མཐའ་ཡས་པར་གྲགས་པ་ལས་གཙོ་བོར་ཕྱི་ལྟར་ན་ཨོ་རྒྱན་གུ་རུ་ཆེན་པོ་པདྨ་འབྱུང་གནས། ནང་ལྟར་ན་ཟག་བཅས་ཀྱི་ཆོས་ལས་འདས་ཤིང་ཁམས་གསུམ་གྱི་ཀུན་ཏུ་སྦྱོར་བའི་སྲིད་པ་ཐམས་ཅད་རྩད་ནས་འཇོམས་པས་བདེ་བ་ཆེན་པོ་བླ་ན་མེད་པ་ཟུང་འཇུག་གི་རྒྱལ་ཐབས་ལ་རང་དབང་འབྱོར་པས་འཇིག་རྟེན་པ་དང་། ཉན་རང་དང་བྱང་སེམས་ཐམས་ཅད་ཀྱི་བླ་མར་གྱུར་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་དང་དགོངས་པར་རོ་གཅིག་པའི་བདག་ཉིད་ཅན་གྱི་ཞབས་ལ་གུས་པའི་འདུད་པ་དང་། གསང་བ་ལྟར་ན། ཕྱི་འཇིགས་པ་བརྒྱད་དང་བཅུ་དྲུག །ནང་དུག་ལྔའི་རྟོག་པ་དང་དེས་བསྐྱེད་པའི་ནད་གདོན་གྱི་འཇིག་པ། གསང་བ་རྩ་རླུང་ཐིག་ལེའི་གེགས་སོགས་བར་ཆད་ཀུན་སེལ་བར་མཛད་ཅིང་བདུད་བཞིའི་དགྲ་ཐམས་ཅད་འདུལ་བ་ལ་ཤིན་ཏུ་དཔའ་ཞིང་། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཟིལ་གནོན་དྲག་པོ་རྩལ་སྟེ་སྙིང་རྗེས་ཞི་ལས་མ་གཡོས་ཀྱང་། གདུལ་བྱ་རྒྱུད་མ་རུང་པ་རྣམས་ལ་ཤིན་ཏུ་དྲག་པོར་ཁྲོས་པའི་སྡེ་ནས་ཁྲོ་བོ་གདན་ཐམས་ཅད་ཀྱི་རྩལ་ཤུགས་གཅིག་ཏུ་འདུས་པ་སྟེ། དེ་ལྟ་བུའི་བླ་མ་ཨོ་རྒྱན་ཆེན་པོ་ལ་གསོལ་བ་སྙིང་ནས་འདེབས་སོ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དང་བཅས་པས་བདག་གི་རྒྱུད་བྱིན་གྱིས་རླབས་པ་དང་། སྨིན་པ་དང་གྲོལ་བར་མཛད་དུ་གསོལ། །གོང་དུ་བཤད་པའི་ཕྱི་ནང་གསང་བའི་བྱང་ཆུབ་སྒྲུབ་པའི་བར་ཆད་ཐམས་ཅད་ལྷག་མེད་དུ་ཞི་བ་དང་། ཡིད་ལ་ཅི་བསམ་པ་ཐམས་ཅད་དང་། ཁྱད་པར་ཆོས་མཐུན་གྱི་བསམ་རྒུ་འབད་རྩོལ་ཆེན་པོ་ལ་མི་ལྟོས་པ་སྨོན་པ་ཙམ་གྱིས་འདི་ཕྱིའི་དོན་ཐམས་ཅད་བདེ་བླག་ཏུ་རྒྱ་མཚོ་ཆེན་པོ་ལ་ཆུ་བོ་འདུ་བ་ལྟར་ངང་ངང་ཤུགས་ཀྱིའམ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས་ཤིག །ཅེས་ཐུགས་དམ་གྱི་རྒྱུད་བསྐུལ་ཞིང་གསོལ་བ་འདེབས་པའོ། །གཉིས་པ་ནི། དུས་གསུམ་སྟེ། ནང་རྡོ་རྗེའི་ལུས་ཀྱི་བཀོད་པ་ལ་ཚ་ཞིང་རྩ་ཡི་གཙོ་མོ་གསུམ་གྱི་རོ་མ་རེ་རྐྱང་སྟེ་ཁམས་ཕྲི་བའམ་ནུབ་པར་བྱེད་པ་ཉི་མའི་རླུང་རྒྱུ་བའི་གཡས་སུ་རོ་མ་དམར་མོ་ནི་འདས་པ་སྟེ་རུལ་ཉི་མ་དེར་ནུབ་ཅིང་གསོད་པར་བྱེད་པ་དང་། ཁམས་འཕེལ་བའམ་རྩུབ་རེག་ཞི་བསིལ་དུ་བྱེད་བ་ཟླ་བའི་རླུང་རྒྱུ་བའི་གཡོན་རྐྱང་མ་ནི་ད་ལྟ་བ་སྟེ་ཀུན་ཟླ་བ་འབབས་ཤིང་འཕེལ་བས་བདེ་བ་སྟེར་བ་བྱེད་པ་དང་། ཡེ་ཤེས་ཀྱི་རླུང་རྒྱུ་བའི་དབུ་མ་ནི་སྒྲ་གཅན་སྟེ་མ་འོངས་པ་དེར་རླུང་སེམས་ཐིག་ལེ་ཚུད་པ་དང་ཟླ་ཉི་ཟོས་ཤིང་མི་རྟོག་ཡེ་ཤེས་ཆེན་པོ་རྒྱུད་ལ་སྐྱེ་བར་འགྱུར་བའོ། །དེ་ཡང་དཀར་ཆ་དག་པ་ནི་སངས་རྒྱས་སྐུ་རྡོ་རྗེ། དམར་ཆ་ནི་གསུང་རྡོ་རྗེ། མི་རྟོག་པ་ནི་ཐུགས་རྡོ་རྗེ་སྟེ་གཟོད་ནས་རང་བཞིན་ཀྱིས་རྣམ་པར་དག་པའི་སངས་རྒྱས་གུ་རུ་རིན་པོ་ཆེ་ནི་ཡོན་ཏན་ཐམས་ཅད་ཀྱི་ལྕི་ཤིང་སྤངས་ཐོབ་བྲལ་བའི་བདག་ཉིད་བཞིན་དུས་སུ་རང་ལ་རང་ཆས་སུ་བྲི་གང་འཕོ་འགྱུར་བྲལ་བར་བཞུགས་ཤིང་། ལམ་དུས་སུ་རྩ་རླུང་ཐིག་ལེའི་འགྲོས་ཀྱི་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པས་ས་ལམ་གྱི་ཡོན་ཏན་ཐམས་ཅད་སྐད་ཅིག་རེར་་ཡང་བསྐྱེད་པ་དང་རྫོགས་པར་འགྱུར་བ་དང་། དེ་ཡང་གཞན་ནས་མ་བརྩལ་ཡེ་ནས་ལྷུན་གྱིས་རྫོགས་པ་རིན་པོ་ཆེའོ། །མཆོག་ཐུན་དངོས་གྲུབ་ཀུན་གྱི་བདག་པོ་ནི་བདེ་བ་ཆེན་པོ་ལྟེ་འོག་ཏུ་དམར་ཆའི་དྭངས་མ་གཏུམ་མོ་ཨ་ཐུང་མེ་ཡི་རང་བཞིན་དང་། སྤྱི་བོར་དཀར་ཆའི་དྭངས་མ་ཧྃ་ཡིག་ཟླ་བ་ཁུ་བའི་རང་ཞིན་ལས་འབར་འཛགས་ཀྱི་བདེ་དྲོད་སྦར་བས་ཞུ་བདེ་ཐབས་ཀྱི་ལུས་སེམས་ཐམས་ཅད་ལ་མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོས་ཁྱབ་པ་ནི། དེས་དྲངས་པའི་དཔེ་ཡི་ཡེ་ཤེས་རྒྱུད་ལ་སྐྱེས་པ་དང་། རིམ་གྱིས་གོམས་པ་མཐར་ཕྱིན་པ་ན་མཚོན་བྱ་དོན་གྱི་ཡེ་ཤེས་བཙན་ཐབས་སུ་རྒྱུད་ལ་སྐྱེ་བའོ། །དེ་ལྟར་ཉམས་སུ་བླང་བའི་སྐབས་སུ་རྩ་རླུང་ཐིག་ལེ་འདུ་འཁྲུགས་པ་ཡི་བགེགས་དང་བར་ཆད་ཀུན་སེལ་བ་དང་རོ་རྐྱང་དང་རྒྱུ་མ་རླུང་གི་བདུད་ཡོན་པོ་འདུལ་བ་ལ་རྡོ་རྗེའི་ལུས་ཀྱི་འཕྲུལ་འཁོར་དྲག་པོ་དང་ལུས་ལ་རྩ་རང་ཤུགས་ཀྱིས་འབྱོངས་པར་གྱུར་པ་དེ་སྲིད་དུ་ལུས་རྒྱུག་པ་འཕུར་བ་སྦྲུག་པ་བརྡབ་པ་སོགས་དང་ངག་ཧ་རིང་ཧ་ཐུང་། ཧཱུྃ་འདྲེན་དང་། ཡིད་ཀྱི་གནད་རླུང་བཙུན་པས་རྟོག་པ་བཙན་ཐབས་སུ་དྷཱུ་ཏིར་བགགས་པའོ། །དེ་གོམས་པས་རང་གི་ལུས་ངག་སེམས་གསུམ་རང་བྱུང་རྡོ་རྗེ་གསུམ་དུ་སྨིན་པར་འགྱུར་བ་སྟེ། དེ་ལྟར་རྡོ་རྗེའི་ལུས་ཀྱི་གྲོང་ཁྱེར་ནི་བླ་མ་ཕྱི་ནང་གསང་གསུམ་གྱི་བདག་ཉིད་དུ་བཞུགས་པ་སྟེ། ཀྱཻ་རྡོར་ལས། ཡེ་ཤེས་ཆེན་པོ། སྒྱུ་འཕྲུལ་མེ་ལོང་ལས། མི་ཤིག་ཐིག་ལེ། ཕྱི་སྒྲུབ་བར་ཆད་ཀུན་སེལ་གྱི་ལྷ་ཚོགས་ཐམས་ཅད་ལུས་ལ་བཀོད་དེ་བསྐྱེད་པ་མ་ཧཱ་ལྟར་འཆད་པ་དང་། ནང་སྒྲུབ་པ་བདེ་བ་ཆེན་པོ་བསམ་པ་ལྷུན་གྲུབ་ཀྱི་དཀྱིལ་འཁོར་རྩ་ཐིག་ལ་བཀོད་དེ་ཨ་ནུ་ལྟར་འཆད་པ་དང་། གསང་བ་རང་བྱུང་གི་ཁྲོ་བོ་རྡོ་རྗེ་དྲག་པོ་རྩལ་རིག་པ་དང་དབྱེར་མེད་ཀྱི་གཉུག་མ་ཆོས་ཉིད་ཀྱི་དཀྱིལ་འཁོར་དུ་ཤར་བའི་དོན་ཨ་ཏི་ལྟར་འཆད་པ་སྟེ་ཡོ་ག་གསུམ་གྱི་བསྐྱེད་རིམ་དང་། དེ་རྣམས་ཀྱི་སྦས་དོན་རྫོགས་རིམ་དང་སྦྱར་སྟེ་འཆད་ཏུ་ཡོད་པར་སེམས་པ། །གསུམ་པ་ནི། དུས་གསུམ་སྟེ། ལུས་ངག་ཡིད་གསུམ་པོ་ལུས་ནི་སྐད་ཅིག་གི་སྐྱེ་འཆི་ཅན་གྱི་འདས་པ་དང་། ངག་རླུང་འབྱུང་འཇུག་ལ་བརྟན་ནས་ལུས་ཡིད་གནས་པས་ད་ལྟ་བ་དང་། སེམས་ནི་མ་འོངས་པའི་རྣམ་རྟོག་གི་འཕྲོ་གཞི་དང་འཁོར་བ་བསྐྱེད་པར་བྱེད་པས་གཙོ་ཆེ་ཆུང་གི་དེ་ལྟར་བསྟན་ལ་དེ་ལྟ་བུའི་དུས་གསུམ་པོ་ལས་འདས་པའི་དུས་བཞི་མཉམ་པ་ཉིད་ཀྱི་དུས་ན་གཞི་ཐོག་མའི་མགོན་པོ་དཔལ་རང་བྱུང་གི་སངས་རྒྱས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མེས་པོ་བླ་མ་ཀུན་ཏུ་བཟང་པོ་འཁོར་འདས་ཀུན་ཁྱབ་ཞལ་ཕྱག་གི་མཚན་མ་ལས་འདས་པས་ཆོས་དབྱིངས་ཡེ་ཤེས་འཁོར་འདས་ཐམས་ཅད་ངག་གི་གསལ་བས་མེ་ལོང་། སྲིད་ཞི་རོ་མཉམ་དུ་བཞུགས་པས་མཉམ་ཉིད། ཆོས་ཀུན་ལ་འདྲེས་པར་བྱེད་པས་སོར་རྟོག་ཡེ་ཤེས་ཆེན་པོའི་སྤྱི་གཟུགས་ཟང་ཐལ་སྒྲིབ་གཡོག་བྲལ་བ་གཟོད་ནས་རང་བཞིན་ནས་དག་ཅིང་ཡོན་ཏན་ཡེ་རྫོགས་རིན་པོ་ཆེ་དེ་ཉིད། སིདྡྷི་གྲ་ལས་དངོས་གྲུབ་སྟེ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྲིད་ཞིའི་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་མ་ལུས་པ་ཡོངས་སུ་སྒྲུབ་པར་བྱེད་པའི་བདག་པོ་ཆེན་པོར་བཞུགས་པ་ནི་རང་ཤེས་རིག་གི་རྒྱལ་པོ་སྟོན་པ་འོད་མི་འགྱུར་བ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་ཞིང་འཁོར་འདས་ཐམས་ཅད་རྫོགས་པའི་ཐིག་ལེ་ཉག་གཅིག་གི་ཀློང་དང་རྟག་ཏུ་བདེ་བ་ཆེན་པོར་བཞུགས་པ་སྟེ། རྫོགས་ཆེན་ཆོས་ཉིད་བྱང་ཆུབ་སེམས་རྣམ་དག་སྟོན་པའི་རྒྱུད་ལས། རང་བྱུང་། ཆོས་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །དེ་ཉིད་ལམ་དུས་སུ་བླ་མའི་མན་ངག་དང་། རང་གི་ལས་འཕྲོ་སད་པས་སེམས་ཀྱི་སྒྲིབ་པ་ཆུང་བ་ལ་རིག་པ་གཅེར་བུ་ཟང་ཀ་མ་རྗེན་པར་ངོ་འཕྲོད་ཅིང་། ཐག་ཆོད་དེ། རང་གྲོལ་ཆེན་པོར་གདིང་འཆོས་པས་དང་། ཁྱད་པར་གནད་གསུམ་གྱི་ཐབས་ལ་བརྟེན་པས་སྐུ་གསུམ་གྱི་ཡོན་ཏན་ཐམས་ཅད་ལམ་གྱི་རྟགས་སྣང་འཕེལ་ཞིང་རྫོགས་པ་དང་དབྱིངས་སུ་སྡུད་པས་ནང་གསལ་ཆེན་པོར་ཐིམ་ལ་མ་རྨུགས་པ་ཤིན་ཏུ་ཕྲ་བའི་ཡེ་ཤེས་འོད་གསལ་ཆེན་པོ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་བཙན་ས་ཟིན་པ་དང་། དེ་ལྟར་ཆོས་ཉིད་ལ་རྟོགས་གོམ་གདིང་དང་ལྡན་པས་མ་རིག་པར་རྟག་ཆད་ཀྱི་དགྲ་ལས་རྣམ་པར་རྒྱལ་ཞིང་སྲིད་པ་གསུམ་གྱི་གྲོང་ཁྱེར་འཇིག་པར་བྱེད་ཅིང་། བདུད་ཀྱི་དགྲ་སྟེ་བདུད་རྣམས་ངང་གིས་འདུལ་ཞིང་གཟུང་འཛིན་གྱི་མཚན་རྟོག་བཅོམ་པའི་རིག་པའི་རྡོ་རྗེ་ཉིད་ཤིན་ཏུ་གཏུམ་ཞིང་ཁྲོ་བོ་གཉུག་མའི་ཡི་དམ་དྲག་པོ་རྩལ་སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་མངོན་རྫོགས་ཧེ་རུ་ཀའི་གོ་འཕང་མཆོག་ལ་སྦྱོར་བ་ནི་འབྲས་བུ་དམ་པ་སྟེ། ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། ཡེ་ནས་གནས་པའི། དེ་ཡང་ཚིག་རྐང་དང་པོ་སེམས་སྡེ་ལྟར་བཤད། གཉིས་པ་ཀློང་སྡེ། གསུམ་པ་མན་ངག་སྡེ་ལྟར་འཆད་ཏུ་ཡོད་དོ། །ཚིག་རྐང་ལྷག་མ་གསུམ་པོ་ནི་ཚིག་དོན་སྤྱི་ལྟར་བཤད་པའི་སྐབས་བཞིན་ཕྱི་མ་གཉིས་ལའང་འཆད་པ་ལ་སོ་སོའི་ལམ་གྱི་མངོན་རྟོགས་བཞིན་བྱིན་གྱིས་རློབས་པར་བསྐུལ་བ་དང་། དངོས་གྲུབ་ཞུ་བའོ། །དེ་རྣམས་ལ་སྤྱི་སྦས་མཐར་ཐུག་གསུམ་དངོས་བསྟན་དང་། ཡི་གེའི་བཤད་པ། ཚིག་རྐང་དང་པོ་ཨེ་མཁའ་ཁམས་གྲུ་གསུམ་རྡོ་རྗེ་བཙུན་མོའི་མཁའ། རྒྱལ་ཀུན་བསྐྱེད་པའི་ཡུམ་བླ་མར་གྱུར་པ་དང་། གཉིས་པ་ཝྃ་ཡིག་ཆུ་ཁམས་རྡོ་རྗེ་སྟེ་བདེ་བ་ཆེན་པོ་བསྐྱེད་པའི་ཐབས་ཡབ་ཀྱི་སྣང་ཆ་དང་། གསུམ་པས་མ་ཡིག་མེ་ཁམས་སྟེ། བདུད་དང་གཤིན་རྗེ་མ་མོ་སྲིན་པོ་འབྱུང་པོ་ལྷ་ཆེན་དྲག་པོ་ཡབ་ཡུམ་སོགས་བདུད་ཚོགས་འདུལ་བ་ལ། མ་ཡིག་ང་རོལ་གྱུར་པ་ཤིན་ཏུ་ཁྲོས་པ་དྲེགས་ཚོགས་གདན་དུ་བྱས་པའི་ཁྲོ་བོ་ཁྲག་འཐུང་ཆེན་པོ་རྡོ་རྗེ་དྲག་རྩལ། ཚིག་རྐང་བཞི་པ་མན་ཆད་ནི་ཨ་ཡིག་རླུང་ཁམས་འཕེལ་བ་སྟེ། ས་ལམ་གྱི་ཡོན་ཏན་བསྐྱེད་ཅིང་སྡུད་པས་དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་དབང་འབྱོར་བའི་གོ་འཕང་དམ་པ་བརྙེས་པའི་ཚུལ་བསྟན་པའོ། །དེ་ལྟར་གསོལ་བ་རྩེ་གཅིག་ཏུ་བཏབ་པས་བྱིན་བརླབ་མྱུར་དུ་འཇུག་པ་ལ་སློབ་དཔོན་པདྨ་འབྱུང་གནས་ཉིད་ཐུགས་རྗེ་ཆེས་མྱུར་སྟེ། ཇི་སྐད་དུ། ང་སྒྲུབ་སངས་རྒྱས་སོགས། ཞེས་དང་། མོས་གུས། ཞེས་དང་། གསོལ་འདེབས་ལེའུ་བདུན་མའི་མཚོ་རྒྱལ་ལ་གདམས་པའི་ཡིག་ཆུང་ལས། དགོས་འདོད་འབྱུང་ཞེས་སོགས། དེ་ལྟར་འཆད་པ་ཉུང་ངུ་འདི། །ཆུ་བྱ་ཟླ་དྲུག་ཚེས་ཉེར་ལྔ། །ཡིད་ལ་ཐོལ་གྱིས་ཤར་བ་བཞིན། །པདྨ་ཡེ་ཤེས་རྡོ་རྗེས་བྲིས།། །།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept