བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཉེ་བརྒྱུད་ཚེ་རྟ་ཟུང་འབྲེལ་གྱི་རྒྱུན་ཁྱེར་ཤིན་ཏུ་བསྡུས་པ་འཆི་མེད་གྲུབ་པའི་ཞལ་ལུང་།

English | Español | 中文 | བོད་ཡིག

༄༅། །ཉེ་བརྒྱུད་ཚེ་རྟ་ཟུང་འབྲེལ་གྱི་རྒྱུན་ཁྱེར་ཤིན་ཏུ་བསྡུས་པ་འཆི་མེད་གྲུབ་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །

 

ན་མོ་གུ་རུ་བྷྱ༔

འདིར་ཉེ་བརྒྱུད་ཚེ་རྟ་ཟུང་འབྲེལ་འཆི་མེད་དཔལ་སྟེར་གྱི་སྒོམ་བཟླས་རྒྱུན་ཁྱེར་མདོར་བསྡུས་པ་ནི།

བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །

རྩ་གསུམ་ཚེ་ཡི་ལྷ་ལ་སྐྱབས་སུ་མཆི། །

གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །

འཆི་མེད་རིག་འཛིན་བསྒྲུབ་པར་སེམས་བསྐྱེད་དོ། །

ལན་གསུམ།

ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ་ཉཧཾ།

གནས་ཡུལ་སྣོད་བཅུད་མི་དམིགས་སྟོང་པའི་ངང་། །

ཕྱི་སྣོད་བདེ་ཆེན་པདྨོ་བཀོད་པའི་ཞིང་། །

དེ་དབུས་རྨ་བྱས་བཏེགས་པའི་རིན་ཆེན་ཁྲིར། །

སྣ་ཚོགས་པད་ཟླའི་སྟེང་དུ་རང་སེམས་ཧྲཱིཿ

ཡོངས་གྱུར་བདག་ཉིད་མགོན་པོ་ཚེ་དཔག་མེད། །

དམར་གསལ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་སྟེང་། །

འཆི་མེད་བདུད་རྩིས་གང་བའི་ཚེ་བུམ་བསྣམས། །

དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །

ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་དམར་པོ་ཡི། །

ཁོག་པར་ཚེ་རྟེན་འོད་ལྔའི་ཐིག་ལེས་མཚན། །

སྤྱི་བོའི་སྟེང་ན་རྩ་བརྒྱུད་བླ་མ་རྣམས། །

བཅོམ་ལྡན་ཚེ་དཔག་མེད་མགོན་རྣམ་པ་རུ། །

ཐོ་བརྩེགས་ཚུལ་གྱིས་བཞུགས་པའི་ཐུགས་ཀ་ནས། །

འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ། །

སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ་གྱུར། །

ཛ་ཧཱུྃ་བཾ་ཧོཿ

ཐལ་མོ་སྦྱར་ཏེ།

ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང་། །

ཚེ་དཔག་མེད་མགོན་འགྲོ་ལ་འཆི་མེད་སྟེར། །

རྟ་མགྲིན་དབང་རྒྱལ་འགྲོ་བའི་བར་ཆད་སེལ། །

པདྨ་འབྱུང་གནས་སྙིགས་དུས་འགྲོ་བའི་སྐྱབས། །

ཐང་སྟོང་རྒྱལ་པོ་གསོལ་བཏབ་བསླུ་བ་མེད། །

གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །

བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། །

ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛཿ

 

རྩ་བརྒྱུད་བླ་མའི་ཐུགས་ཀའི་འོད་ཟེར་གྱིས། །

རང་གི་བླ་ཚེ་ཆད་ཉམས་ཡར་བ་དང་། །

སྲིད་ཞིའི་ཚེ་བཅུད་བསྡུས་ནས་བུམ་པར་ཐིམ། །

བདུད་རྩིའི་རྒྱུན་ལུད་ཚངས་པའི་སྒོ་ནས་ཞུགས། །

ལུས་ཀུན་ཁྱབ་པས་ནད་གདོན་སྡིག་སྒྲིབ་སྦྱངས། །

འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། །

ཅེས་བརྗོད་ཅིང་བསམས་ལ། སྔགས་དང་གསོལ་འདེབས་སྤེལ་ཞིང་ཅི་ནུས་སུ་བཟླ།

ཐུན་བསྡུ་བ་ན།

རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོ་ཡིས། །

མཐུ་དང་ནུས་པའི་བྱིན་རླབས་དཔུང་བསྐྱེད་ལ། །

འགལ་རྐྱེན་ནད་གདོན་སྡིག་སྒྲིབ་ཞི་བ་དང་། །

ཚེ་དང་ཡེ་ཤེས་འཆི་མེད་དངོས་གྲུབ་སྩོལ། །

 

ཞེས་པས་གསོལ་བཏབ་རྩ་བརྒྱུད་བླ་མ་རྣམས། །

འཆི་མེད་བདུད་རྩིའི་ཆུ་རྒྱུན་རྣམ་པ་རུ། །

རིམ་གྱིས་འོད་ཞུ་སྙིང་དབུས་ཐིག་ལེར་ཐིམ། །

ཚེ་དང་ཡེ་ཤེས་དངོས་གྲུབ་ཐོབ་པར་གྱུར། །

རང་གི་གནས་གསུམ་ཡི་གེ་གསུམ་གྱིས་མཚན་པར་བསམས་ལ།

ཨོཾ་ཨཱཿཧཱུྃ། ཞེས་བརྗོད།

དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །

ཚེ་འདིར་ཚེ་རིང་ནད་མེད་དམ་ཆོས་ལྡན། །

ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །

ཚེ་དཔག་མེད་མགོན་གོ་འཕང་མྱུར་ཐོབ་ཤོག །

 

འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །

རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང་། །

སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །

དེ་ཀུན་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །

 

དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས། །

སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །

ཇ་བཟང་བཞེས་སྤོ་རྒྱུན་མི་འཆད། །

སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག །

ཅེས་བསྔོ་སྨོན་ཤིས་བརྗོད་ཀྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག །

བསྙེན་པ་བྱེད་ན། རྒྱས་པར་མདུན་བསྐྱེད་ཀྱི་རྟེན་དང་མཆོད་གཏོར་སོགས་ཚེ་དབང་གི་སྐབས་ལྟར་བཤམས། ཐུན་བཞིའི་རིམ་པས་བདག་མདུན་དབྱེར་མེད་ཀྱི་བསྐྱེད་བཟླས་ཀྱིས་བསྙེན་པ་འབུམ་ཕྲག་བཅུའམ་འབུམ་ཕྲག་བཞི་ཁ་སྐོང་དང་བཅས་པ་འགྲོ་བར་བྱ། གྲོལ་ཁར་བདག་འཇུག་གི་ཚུལ་དུ་དངོས་གྲུབ་བླང་། བསྡུ་ན་བདག་བསྐྱེད་རྐྱང་པ་ལ་བརྟེན་ནས་བསྙེན་པ་རྫོགས་པར་བཏང་ཡང་རུང་ངོ་། །

 

ཞེས་པའང་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྗེ་གྲུབ་ཐོབ་ཆེན་པོས་བྱིན་གྱིས་བརླབས་པའི་གནས་དཔལ་ཆུ་བོ་རིའི་གཟིམ་ཕུག་ཏུ་རྩ་བའི་ཡིག་རྙིང་གི་དགོངས་པ་ཇི་ལྟ་བ་བཞིན་སྦྱར་བ་ལས། སླར་ཡང་ཅུང་ཟད་གསལ་བར་ཕྱེ་བའི་དགེ་བས་འགྲོ་ཀུན་འཆི་མེད་ཡེ་ཤེས་ཀྱི་སྐུ་མྱུར་དུ་འགྲུབ་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། །

 

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Amitāyus, Boundless Life

གནས་ཚུལ་འཕར་མ།

BDRC Author Profiles: P258 P2778

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept