Excellent Vase of Splendour—Tibetan

Tsok | Sādhanas | Tibetan Mastersམི་ཕམ་རིན་པོ་ཆེ།

English | བོད་ཡིག

མི་ཕམ་རིན་པོ་ཆེ།

Guru Padmasambhava

Further Information:

༄༅། །རྡོ་རྗེའི་ཚིག་བདུན་དང་འབྲེལ་བའི་ཚོགས་མཆོད་དཔལ་གྱི་བུམ་བཟང་།

ཤ་ཆང་སོགས་ཅི་འབྱོར་བའི་དམ་རྫས་བཤམས་ལ།

ཧཱུྃ། ཨཱཿལས་ཆོས་དབྱིངས་དང་མཉམ་ཀ་པ་ལར། །

ཨོཾ་ལས་སྣང་སྲིད་འདོད་ཡོན་ཚོགས་སུ་བཤམས། །

ཧཱུྃ་གིས་བདེ་ཆེན་ཡེ་ཤེས་རོལ་པར་བསྒྱུར། །

ཧྲཱིཿཡིས་རྩ་གསུམ་ལྷ་ཚོགས་དགྱེས་པ་བསྐང་། །

ཨོཾ་ཨཱཿཧཱུྃ་ཧྲཱིཿས་བྱིན་གྱིས་བརླབས། 

ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔

པདྨ་གེ་སར་སྡོང་པོ་ལ༔

ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔

པདྨ་འབྱུང་གནས་ཞེས་སུ་གྲགས༔

འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔

ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔

འདོད་ཡོན་ཚོགས་ལ་སྤྱན་འདྲེན་ན༔

བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔

གནས་མཆོག་འདི་རུ་བྱིན་ཕོབ་ལ༔

ཚོགས་མཆོད་ཡེ་ཤེས་བདུད་རྩིར་བསྒྱུར༔

སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔

བགེགས་དང་ལོག་འདྲེན་བར་ཆད་སོལ༔

མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔

ཧཱུྃ༔ བླ་མ་རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །

རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས་པ་ཡི། །

རྩ་གསུམ་ཀུན་འདུས་རྒྱལ་བའི་དཀྱིལ་འཁོར་ལ། །

མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །

བདག་གཞན་སྒོ་གསུམ་དགེ་ཚོགས་ལོངས་སྤྱོད་བཅས། །

སྣང་སྲིད་འདོད་ཡོན་དགྱེས་དགུ་མ་ཚང་མེད། །

ཀུན་བཟང་བདེ་ཆེན་ཚོགས་ཀྱི་འཁོར་ལོར་འབུལ། །

ཐུགས་བརྩེའི་དགྱེས་བཞེས་ཐུགས་དམ་སྐོང་གྱུར་ཅིག །

གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ། །

བྱིན་གྱིས་རློབས་ཤིག་རིག་འཛིན་མཁའ་འགྲོའི་ཚོགས། །

མོས་ལྡན་བུ་ལ་མཆོག་ཐུན་དངོས་གྲུབ་སྩོལ། །

དམ་ཚིག་ཉམས་ཆག་ཐམས་ཅད་སྦྱངས་དུ་གསོོལ། །

ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སྒྲོལ། །

བྱང་ཆུབ་བར་དུ་འབྲལ་མེད་རྗེས་འཛིན་ཞིང་། །

ཚེ་བསོད་ཉམས་རྟོགས་ཡར་ངོའི་ཟླ་ལྟར་འཕེལ། །

བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །

ཨོཾ་ཨཱཿཧཱུྃ་བཛྭ་གུ་རུ་པདྨ་སིདྡྷི་ཧཱུྃ།

༈ ཚོགས་བསྡུས་ནི།

ཚོགས་རྫས་རྣམས། ཨོཾ་ཨཱཿཧཱུྃ་ཧོས། བྱིན་གྱིས་རླབས། 

རྩ་གསུམ་ལྷ་ཚོགས་ཚོགས་ལ་སྤྱན་འདྲེན་གཤེགས། །

ཕྱི་ནང་གསང་བའི་བདེ་ཆེན་ཚོགས་མཆོད་འབུལ། །

དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས། །

གཉིས་འཛིན་དགྲ་བགེགས་ཆོས་ཀྱི་དབྱིངས་སུ་སྒྲོལ། །

མཉམ་ཉིད་བདེ་བ་ཆེན་པོའི་ཐུགས་དམ་བསྐངས། །

མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །

ཨོཾ་ཨཱཿཧཱུྃ། ལྷག་ལ་དབང་བ་དྲེགས་པའི་ཚོགས༔

སྤྲིན་ལྟར་བཏིབས་ཤིང་ཧབ་ཤ་རྒྱུག༔

ཤ་ཁྲག་བརྒྱན་པའི་ཚོགས་ལྷག་བཞེས༔

སྔོན་གྱི་དམ་བཅའ་ཇི་བཞིན་དུ༔

བསྟན་དགྲ་དམ་ཉམས་ཟས་སུ་ཟོ༔

རྟགས་དང་མཚན་མ་མྱུར་དུ་སྟོན༔

བསྒྲུབ་པའི་བར་ཆད་བཟློག་པ་དང་།

ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔

ཨུ་ཙྪིཥྚ་བ་ལིང་ཏ་ཁཱ་ཧི༔

ཧོཿ རིག་འཛིན་བླ་མའི་དཀྱིལ་འཁོར་དུ། །

ཚོགས་ཀྱི་མཆོད་པ་འབུལ་བ་ཡིས། །

བདག་གཞན་འགྲོ་བ་མ་ལུས་པ། །

དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །

 

• Download this text: EPUB MOBI PDF