Advice from the Vajra Wisdom Consort—Tibetan

Literary Genres › Advice | Collections & Cycles › Ḍākinī Treasury | བོད་ཀྱི་བླ་མ།སེ་ར་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ།

English | Français | བོད་ཡིག

སེ་ར་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ།

Sera Khandro Kunzang Dekyong Wangmo

Further information:
Download this text:

༄༅། །ཤེས་རབ་རྡོ་རྗེ་བཙུན་མོའི་གདམས་པ།

དུས་གསུམ་མཁྱེན་པའི་རྒྱལ་སྲས་སྤྲུལ་པའི་སྐུ། །
ཀུན་བཟང་པད་འབྱུང་ཉིད་ལས་བཀའ་དྲིན་ལྷག །
རྣམ་ཀུན་མཆོག་ལྡན་ཁྱེད་འདྲ་བདག་གིས་རྙེད། །
དུས་འདི་ནས་བཟུང་ཚེ་རབས་ཐམས་ཅད་དུ། །
འབྲལ་མེད་ལྷན་དུ་འཚོགས་པའི་སྨོན་ལམ་ཞུ། །
བདག་གིས་མ་དག་སྒོ་གསུམ་ཆོས་སྐུའི་ཞིང་། །
འབད་རྩོལ་མེད་པར་དག་པ་རབ་འབྱམས་སུ། །
རང་ཞལ་མཐོང་ཡང་ཤེས་རབ་མིག་ཞན་པས། །
ཤེས་སྒྲིབ་ཕྲ་བས་རང་ངོར་མ་གསལ་བསྒྲིབས། །
བཀའ་དྲིན་གསུམ་ལྡན་ཐབས་མཆོག་ཡིད་བཞིན་ནོར། །
ཁྱེད་ཀྱིས་གདམས་པ་ཚིག་ཉུང་དོན་འདུས་ཤིང་། །
མན་ངག་གསེར་ཐུར་ལྟ་བུའི་ཁྱད་འཕགས་པ། །
བསྐྱེད་རྫོགས་སྙིང་པོའི་བཅུད་བསྡུས་ཟབ་མོ་འདི། །
ཐུགས་བརྩེས་ཁོ་མོ་བདག་ལ་སོན་པའི་མཐུས། །
བདག་གིས་ཡེ་ཤེས་གསལ་བའི་མིག་ཐོབ་ནས། །
སྣང་སྲིད་དག་པ་རབ་འབྱམས་གཞལ་ཡས་ཁང་། །
ཆུ་རླབས་རིས་བཞིན་སྣང་ཡུལ་ཆོས་སྐུར་གྲོལ། །
གཟུགས་སྣང་དག་པ་རབ་འབྱམས་ལྷ་ཡི་སྐུ། །
བསྐྱེད་བསྟིམ་མི་དམིགས་རིག་སྟོང་ཆོས་སྐུར་གྲོལ། །
སྒྲ་གྲགས་དག་པ་རབ་འབྱམས་རྡོ་རྗེའི་གསུང་། །
གྲགས་སྟོང་སྐྱེ་མེད་རང་བྱུང་ཆོས་སྐུར་གྲོལ། །
དྲན་རྟོག་དག་པ་རབ་འབྱམས་འོད་གསལ་ཀློང་། །
གདོད་ནས་ཀ་དག་མངོན་གྱུར་ཆོས་སྐུར་གྲོལ། །
ཀུན་ཁྱབ་ནམ་མཁའ་ལྟ་བུར་འཁོར་ཡུག་འདྲེས། །
ནམ་མཁའི་རང་བཞིན་སྣ་ཚོགས་རོལ་པའི་བདག །
ཡེ་གནས་རང་བྱུང་དཀྱིལ་འཁོར་ལྷུན་གྱིས་གྲུབ། །
མ་དག་མིང་མེད་དག་སྨིན་ཡེ་ནས་རྫོགས། །
རང་རིག་རང་གསལ་སྐུ་གསུམ་གཞི་ལ་གྲོལ། །
རི་བོ་བཞིན་དུ་འཕོ་འགྱུར་གཉིས་མེད་པར། །
ནམ་མཁའ་ལྟ་བུར་བཅིང་མེད་གྲོལ་དུ་མེད། །
རྒྱ་མཚོ་བཞིན་དུ་དྭངས་གསལ་སྒྲིབ་གཡོགས་བྲལ། །
ཉི་འོད་བཞིན་དུ་ཡེ་ཤེས་རང་ངོར་གསལ། །
མ་རིག་སྒྲིབ་པའི་སྤྲིན་ཚོགས་དབྱིངས་སུ་སངས། །
ཡེ་ནས་མ་འཁྲུལ་ངང་བཞག་ཆོས་སྐུར་རྒྱས། །
གཞི་གནས་རིག་པ་སྐུ་དང་ཡེ་ཤེས་མཛོད། །
ནང་གསལ་གཞོན་ནུ་བུམ་སྐུ་མངོན་དུ་གྱུར། །
དོན་གཉིས་མཐར་ཕྱིན་འབྲས་བུའི་གཞི་རུ་སད། །
ཆོས་ཅན་སྣང་བ་ཆོས་ཉིད་ཀློང་དུ་ཆུབ། །
ཐུན་དང་ཐུན་མཚམས་མེད་པར་ཕྱམ་བརྡལ་ལེ། །
ཆོས་སྐུ་ཐིག་ལེ་ཉག་གཅིག་ཀློང་དུ་གྲོལ། །
བདེ་བའི་རྡོ་རྗེ་གདོད་མའི་ཟད་སར་འཁྱོལ། །
བདག་གི་རྗེས་སུ་འཇུག་པའི་སྐལ་ལྡན་རྣམས། །
བསྐྱེད་རྫོགས་ཉེ་ལམ་དེ་ལྟར་མཐར་ཕྱིན་མཛོད། །
དག་པ་གཉིས་ལྡན་ཐབས་མཆོག་རྣལ་འབྱོར་དྲུང་། །
ཤེས་རབ་རྡོ་རྗེ་བཙུན་མོས་གུས་པས་ཕུལ། །
དགེའོ།།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept