Prayer for the Long Life of Dzongsar Khyentse Rinpoche—Tibetan

Practices › Long-Life Prayers | བོད་ཀྱི་བླ་མ།ཞེ་ཆེན་རབ་འབྱམས་རིན་པོ་ཆེ། | བོད་ཀྱི་བླ་མ།རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ།

English | Deutsch | Español | Français | བོད་ཡིག

ཞེ་ཆེན་རབ་འབྱམས་རིན་པོ་ཆེ།

Dzongsar Jamyang Khyentse Rinpoche

Further information:
Download this text:

༄༅། །མཚུངས་བྲལ་སྤྲུལ་པའི་སྐུ་མཆོག་༧རྫོང་སར་མཁྱེན་སྤྲུལ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའི་ཞབས་བརྟན་གསོལ་འདེབས་བཞུགས་སོ། །

 

ཨོཾ་སྭསྟི།

རྒྱལ་མཆོག་ཐུབ༵་དབང་སྟོབས་བཅུ་མངའ་བའི་བདག །

རྒྱལ་སྲས་བརྒྱད་དང་གནས་བརྟན་གཏད་རབས་སོགས། །

རྒྱལ་བསྟན༵་མི་མཇེད་ཞིང་འདིར་སྣང་བྱེད་པའི། །

རྒྱལ་སྲས་ཚོགས་ཀྱིས་འཕོ་མེད་བྱིན་མཆོག་སྩོལ། །

 

མཚར་སྡུག་ལང་ཚོ་མཚན་དཔེའི་གཟི་འབར་སྐུ། །

ཟབ་ཡངས་ཆོས༵་ཚུལ་ཚངས་དབྱངས་དྲུག་ཅུའི་གསུང་། །

རྒྱལ་ཀུན་ཐུགས་ཡོན་ཕྲིན་ལས་ཡོངས་ཀྱི༵་དཔལ། །

མཚོ་སྐྱེས་རྡོ་རྗེས་འཆི་མེད་མཆོག་གྲུབ་མཛོད། །

 

བྲལ་སྨིན་ཡོན་ཏན་ཆ་རྫོགས་མཁྱེན་བརྩེའི་དབང་། །

ལུང་རྟོགས་ཆོས་ཀྱི་བློ་གྲོས་རྒྱ༵་མཚོ༵འི་གཏེར། །

མཁས་གྲུབ་དབང་པོ་ཡེ་ཤེས་སྒྱུ་མའི་གར། །

མཚུངས་བྲལ་སྤྲུལ་པའི་སྐུ་མཆོག་རྟག་བཞུགས་གསོལ། །

 

འཇམ་མགོན་བླ་མ་མཁྱེན་དང་བརྩེ་བའི་གཏེར། །

གཏེར་ཆེན་གར་དབང་རབ་གསལ་ཟླ་བ་ཡི། །

ཐུགས་སྲས་མཆོག་གྱུར་ཐུབ་བསྟན་ཆོས་རྒྱ་མཚོ། །

ཞབས་པད་རྟག་བརྟན་བཞེད་དོན་ལྷུན་གྲུབ་གསོལ། །

 

ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས། །

ཆོས་རབ་རྣམ་འབྱེད་ཡང་དག་རིགས་པ་ཡིས། །

ཆོས་སྐད་གསར་པས་འཛམ་གླིང་ཐ་གྲུ་ཀུན། །

ཆོས་བཞིན་སྐྱོང་མཁས་མགོན་ཁྱེད་རྟག་བཞུགས་གསོལ། །

 

ལྔ་བརྒྱའི་ཐ་མར་བོད་ཡུལ་རྒྱལ་བའི་བསྟན། །

ཤིན་ཏུ་ཉམ་ཐག་རྟོག་གེས་བསྟན་དཀྲུག་ཚེ། །

ཉམས་རྟོགས་རྩལ་དང་གྲུབ་པའི་རྣམ་དཔྱོད་ཀྱིས། །

སྒྲུབ་བརྒྱུད་བླ་རུ་འདེགས་མཛད་རྟག་བཞུགས་གསོལ། །

 

ཚད་མེད་ཐབས་མཁས་རིག་གསར་འཕྲུལ་ལམ་ནས། །

བསྡུ་བ་རྣམ་བཞིའི་འོད་རླབས་འབྱེད་མཁས་པའི། །

སྒྱུ་མའི་འགྲོ་ལ་སྒྱུ་མའི་བརྡ་སྟོན་མཁན། །

འཁོར་འདས་སྒྱུ་མར་གཟིགས་ཁྱེད་རྟག་བཞུགས་གསོལ། །

 

མདོར་ན་བོད་ཡུལ་རྒྱལ་བའི་རིང་ལུགས་ཀྱི། །

བཤད་དང་སྒྲུབ་པའི་ལམ་བཟང་མ་ནོར་བ། །

ཡོངས་རྫོགས་དབང་བསྒྱུར་གོང་མའི་རྣམ་ཐར་བཞིན། །

སྐྱོང་མཁས་མཁས་གྲུབ་དབང་པོ་རྟག་བཞུགས་གསོལ། །

 

ཟབ་དགོངས་ལྷ་ལམ་ཡངས་པོར་རྟག་ཤར་བའི། །

དྲང་བདེན་རིག་གསར་ཕན་བདེའི་འོད་རྣོན་ཅན། །

ལུགས་རྙིང་རྨོངས་གཉིད་འཆིང་རྒྱ་བཀྲོལ་མཁས་པའི། །

བཞེད་དགོངས་ལྷུན་གྲུབ་མཛད་འོད་ཀུན་ཁྱབ་སྨོན། །

 

གཞི་དབྱིངས་ཀ་དག་འགྱུར་མེད་ཀུན་ཁྱབ་ཀློང་། །

ལྷུན་གྲུབ་འོད་གསལ་འཕོ་མེད་བདེ་བ་ཆེ། །

མཉམ་ཉིད་མི་གཡོ་ལྷུན་མཉམ་ཡངས་པ་རུ། །

གཞོམ་གཞིག་ཡོངས་བྲལ་འཕོ་ཆེན་དྭངས་སྐུར་སྨོན། །

 

ཞེས་པའང་གངས་ལྗོངས་རིས་མེད་བསྟན་པ་རྒྱ་མཚོའི་མགོན་གཅིག་འཇམ་པའི་དབྱངས་དངོས་༧རྫོང་སར་འཇམ་དབྱངས་མཁྱེན་བརྩེའི་རྣམ་རོལ། ༧འཇམ་མགོན་བླ་མ་དིལ་མཁྱེན་རབ་གསལ་ཟླ་བའི་ཐུགས་སྲས་རྣམས་ཀྱི་ཐུ་བོ། ༧རྫོང་སར་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་མཆོག་བོད་ལུགས་དགུང་གྲངས་རེ་གཅིག་ཕེབས་པ་དགུང་ཀེག་ལས་དགྲོལ་བའི་རྟེན་འབྱུང་ཆེད་རབ་བྱུང་བཅུ་བདུན་པའི་ལྕགས་བྱི་ལོའི་ཟླ་ ༡༡ པའི་ཚེས་ ༡༠ ཉིན་ཞེ་ཆེན་རབ་འབྱམས་སྤྲུལ་མིང་ནས་གུས་ཕུལ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept