Threefold Zangdok Palri Mönlam—Tibetan

Practices › Aspiration PrayersZangdok Palri Aspirations | Practices › PrayersGuru Rinpoche Prayers | བོད་ཀྱི་བླ་མ།མཆོག་གྱུར་བདེ་ཆེན་གླིང་པ།

English | བོད་ཡིག

མཆོག་གྱུར་བདེ་ཆེན་གླིང་པ།

The Copper-Coloured Mountain of Glory

Further information:
Download this text:

༄༅། །ཟངས་མདོག་དཔལ་རི་རྒྱུ་ལམ་འབྲས་བུ་གསུམ་གྱི་སྨོན་ལམ། །

 

ཨོྃ་ཨཱཿཧཱུྃ།

འདི་ནས་ཉི་མ་ལྷོ་ནུབ་ཕྱོགས་དག་ན། །

མཁའ་སྤྱོད་དག་པ་དཔལ་རིའི་ཞིང་ཁམས་བཞུགས། །

སྲིན་གླིང་བརྒྱད་ཀྱི་དབུས་ན་རིན་པོ་ཆེ། །

ཙིཏྟའི་དབྱིབས་འདྲ་རྩེ་མོ་རིན་ཆེན་ལྔ། །

 

གཞལ་མེད་ཁང་ཆེན་ཕྱི་རོལ་ཟང་ཐལ་ནི། །

ཁོར་ཡུག་ལྔ་ལྡན་སྤང་ལྗོངས་བདུད་རྩིའི་རྫིང་། །

ལྗོན་ཤིང་བྱ་དང་རི་དྭགས་མཁའ་འགྲོའི་གནས། །

ཐོ་ཕྱི་འཇའ་འོད་ལྷ་དང་ལྷ་མོས་མཆོད། །

 

ཕོ་བྲང་སྟེང་འོག་པད་འབྱུང་རྡོ་རྗེ་འཆང་། །

སྐུ་ལྔ་མཚན་བརྒྱད་རྗེ་འབངས་ཉེར་ལྔ་དང་། །

རིག་འཛིན་ཕོ་མོ་ཡི་དམ་ལྷ་ཡི་ཚོགས། །

རཀྵ་ཐོད་ཕྲེང་རྒྱལ་པོའི་ཚུལ་དུ་བཞུགས། །

 

མཁའ་འགྲོ་ཆོས་སྲུང་གིང་དང་ལངྐ་དང་། །

དྲེགས་པ་ཕོ་མོ་ཐམས་ཅད་ཕོ་ཉར་འགྱེད། །

དེ་ན་ནད་གདོན་དགྲ་འདྲེའི་མིང་མི་གྲགས། །

ཟས་གོས་རྩོལ་སྒྲུབ་མི་དགོས་ལྷུན་གྱིས་གྲུབ། །

 

ཞིང་མཆོག་དེ་ན་བདག་སོགས་མོས་པའི་བློས། །

མོས་གུས་གདུང་བ་དྲག་པོས་གསོལ་བ་འདེབས། །

བདག་སོགས་ནམ་ཞིག་ཚེ་འཕོས་གྱུར་མ་ཐག །

ཞིང་མཆོག་དེ་ན་ཡོངས་སུ་བགྲོད་པར་ཤོག །

 

དེ་ཡང་སྲིན་པོའི་མངལ་དུ་མི་སྐྱེ་ཞིང་། །

ཁོར་ཡུག་བདུད་རྩིའི་རྫིང་བུའི་ནང་དག་ཏུ། །

ཨུ་དུམ་ཝ་རའི་ནང་དུ་བརྫུས་སྐྱེས་ཏེ། །

སྐྱེས་མ་ཐག་ཏུ་མེ་ཏོག་ཁ་བྱེ་ནས། །

རིག་འཛིན་ཕོ་མོའི་གྲལ་དུ་ཕྱིན་ནས་ཀྱང་། །

པདྨ་འབྱུང་གནས་ཞལ་མཆོག་མཐོང་བར་ཤོག །

 

མཐོང་ནས་དབང་བསྐུར་ཆོས་ཐོབ་ལུང་བསྟན་ནས། །

གུ་རུ་པདྨའི་གོ་འཕང་མྱུར་ཐོབ་ཤོག །

སླར་ཡང་མཁའ་ཁྱབ་འགྲོ་བ་འདྲེན་གྱུར་ཅིག །

 

ཅེས་པ་འདི་འབྲོང་གསར་དཔོན་ཚང་གིས་དངོས་རྫས་བཅས་པ་སྐུལ་མ་མཛད་ངོར། རིག་འཛིན་མཆོག་གྱུར་གླིང་པས་བྱེས་སྒང་ནས་བགྱིས་པའི་དགེ་བས་འགྲོ་དྲུག་པདྨ་འོད་ཀྱི་ཞིང་ཁམས་བགྲོད་པར་ཤོག །

 

༈ བདེ་ཆེན་པདྨ་འོད་ཀྱི་ཕོ་བྲང་དུ། །

དུས་གསུམ་རྒྱལ་ཀུན་འདུས་པ་པདྨ་འབྱུང་། །

རིག་འཛིན་མཁའ་འགྲོའི་འཁོར་གྱི་གྲལ་དུ་སྐྱེས། །

ཐེག་པ་ཆེན་པོའི་ཆོས་གསུང་ཐོས་པར་ཤོག །

 

རིག་འཛིན་རྣམ་བཞིའི་གོ་འཕང་རབ་གྲུབ་ནས། །

མཁའ་སྤྱོད་གནས་སུ་པདྨས་རྗེས་བཟུང་ནས། །

བླ་མ་རང་སེམས་དབྱེར་མེད་ཉིད་རྟོགས་ནས། །

རིག་འཛིན་པདྨ་དེ་དང་དབྱེར་མེད་ཤོག །

 

ལྟ་བ་དེ་བཞིན་མེད་པའི་དོན་རྟོགས་ཤིང་། །

བསྒོམ་པ་བྱར་མེད་ཡེ་གྲོལ་མཐའ་བྲལ་དང་། །

སྤྱོད་པ་རྩོལ་མེད་འགྲོ་བའི་དོན་སྤྱོད་པའི། །

གཞན་དོན་རླབས་ཆེན་མཐའ་རུ་ཕྱིན་པར་ཤོག །

 

ཅེས་གཏེར་ཆོས་རྣམས་དཀར་ཤོག་ཏུ་འབེབས་པའི་ཡིག་བྲིས་མཁན་ཆོས་བདག་ཤེས་རབ་རྒྱལ་མཚན་མཆོག་གྱུར་གླིང་པས་སྤེལ་བའོ། །

 

༈ གདོད་མའི་གཤིས་དང་དབྱེར་མེད་པདྨ་འབྱུང༌། །

རང་སྣང་དག་པའི་ཟངས་མདོག་དཔལ་རིའི་ཞིང༌། །

སྣང་རིག་དབྱེར་མེད་མ་བཅོས་གཉུག་མའི་ངང༌། །

གདོད་ནས་རྣམ་དག་ཞིང་དུ་སྐྱེ་བར་ཤོག །

 

ཅེས་རིམ་གཉིས་ཟབ་མོའི་རྣལ་འབྱོར་བླ་མ་བྱང་ཆུབ་བསྐུལ་ངོར། མཆོག་གྱུར་གླིང་པས་གང་ཤར་དོན་དམ་པར་སྦྱར་ནས་བྲིས།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept