བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཐུགས་སྒྲུབ་ཞལ་གདམས་སྙིང་བྱང་ལས། ལུས་ཀྱི་མཆོད་སྦྱིན།

English | 中文 | བོད་ཡིག

༄༅། །ཐུགས་སྒྲུབ་ཞལ་གདམས་སྙིང་བྱང་ལས། ལུས་ཀྱི་མཆོད་སྦྱིན་བཞུགས།

 

དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི།

ན་མོ།

བདག་སོགས་འགྲོ་ཀུན་བྱང་ཆུབ་བར། །

རྩ་བ་གསུམ་ལ་སྐྱབས་སུ་མཆི། །

གཞན་དོན་སངས་རྒྱས་འཐོབ་བྱའི་ཕྱིར། །

ལུས་ཀྱི་མཆོད་སྦྱིན་བསྒོམ་པར་བགྱི། །

 

ལུས་སྦྱིན་དངོས་ནི།

ཕཊ྄༔ རང་སེམས་མ་བཅོས་ཁྲོས་མ་ནག༔

ཚངས་པའི་ལམ་ནས་རྒྱངས་ཀྱིས་ཐོན༔

འོད་གསལ་དབྱིངས་ཀྱི་ནམ་མཁའ་ལ༔

རིག་པ་རང་སྣང་ཕྱག་རྒྱར་ཤར༔

ཕྱག་གཡས་རྡོ་རྗེའི་གྲི་གུག་གིས༔

རང་ལུས་ཕུང་པོ་དུམ་བུར་གཏུབ༔

སྟོང་གསུམ་དང་མཉམ་ཐོད་པའི་ནང༔

ཡེ་ཤེས་བདུད་རྩིའི་རྒྱ་མཚོར་བསྐྱིལ༔

རླངས་པ་འདོད་ཡོན་ལྔ་ལྡན་པའི༔

མཆོད་སྤྲིན་མཁའ་དང་མཉམ་པར་སྤེལ༔

ཟག་མེད་བདེ་བ་ཆེན་པོའི་རྫས༔

འཕེལ་འགྲིབ་བྲལ་བའི་རྒྱན་དུ་གྱུར༔

ཨོཾ་ཨཱཿཧཱུྃ༔

ཕཊ྄༔ སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན༔

གདོད་ནས་རྣམ་གྲོལ་ཕྱག་རྒྱ་ཆེ༔

འོད་གསལ་སྒྱུ་མའི་རོལ་པ་ལས༔

སྲིད་ཞི་ཅིར་ཡང་སྣང་བའི་མགྲོན༔

ཕྱོགས་མཚམས་སྟེང་འོག་ཀུན་ཏུ་ཁྱབ༔

འགྲོ་འོང་མེད་པའི་དགོངས་པར་བརྡལ༔

ཐམས་ཅད་རོ་མཉམ་ཆེན་པོའི་ངང༔

དཀོན་མཆོག་རྩ་གསུམ་རྒྱ་མཚོ་མཆོད༔

ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང༔

བགེགས་རིགས་ལན་ཆགས་ཚིམས་ཕྱིར་སྦྱིན༔

རིགས་དྲུག་སྙིང་རྗེའི་ཚོགས་ལ་བསྔོ༔

ཟག་མེད་བདུད་རྩིའི་མཆོད་སྦྱིན་གྱིས༔

དགྱེས་ཤིང་མཉེས་ནས་རབ་ཚིམས་ཏེ༔

བསོད་ནམས་ཚོགས་ཆེན་ལྷུན་གྱིས་གྲུབ༔

ཡེ་ཤེས་འོད་གསལ་རྩོལ་མེད་ཤར༔

འཁོར་གསུམ་མཚན་མ་ལས་འདས་པའི༔

གདོད་མའི་གནས་ལུགས་མངོན་གྱུར་ཤོག༔

ཕཊ྄༔

ཅེས་བརྗོད་ལ་དམིགས་མེད་ངང་དུ་བཞག་གོ །

 

སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །

འགྲོ་བའི་དོན་དུ་རང་བྱུང་སངས་རྒྱས་ཤོག །

སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །

སྐྱེ་བོའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག །

 

ཅེས་སྔོན་རྗེས་ངག་འདོན་དིལ་མཁྱེན་མངྒ་ལས་བསྡེབས་པའོ།།

 

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

Krodhakālī

གནས་ཚུལ་འཕར་མ།

BDRC Author Profiles: P625 P564

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept