བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

འོད་གསལ་རྡོ་རྗེ་སྙིང་པོའི་རིག་འཛིན་བརྒྱུད་པའི་སྐོང་བཤགས་ཌཱ་ཀིའི་ཐོལ་གླུ་ཞེས་བྱ་བ།

English | བོད་ཡིག

༄༅། །འོད་གསལ་རྡོ་རྗེ་སྙིང་པོའི་རིག་འཛིན་བརྒྱུད་པའི་སྐོང་བཤགས་ཌཱ་ཀིའི་ཐོལ་གླུ་ཞེས་བྱ་བ་བཞུགས་སོ། །

 

ན་མོ་གུ་རུ་བྷྱཿ

 

གཟོད་ནས་ཀ་དག་དྲི༵་མེད༵་ཆོས་ཀྱི་སྐུ །
འོད༵་གསལ་ལྷུན་གྲུབ་སྐུར་བཞེངས་ལོངས་སྤྱོད་རྫོགས། །
ཟུང་འཇུག་སྤྲུལ་པའི་ཟེར༵་གྱིས་རིགས་ཅན་གསུམ། །
ཕན་བདེའི་སྣང་བ་སྦྱིན་དེས་དགེ་ལེགས་སྩོལ། །

 

དེ་ལ་འདིར་སྐབས་ཅི་རིགས་པར་འོད་གསལ་སྙིང་ཏིག་གི་རིག་འཛིན་བརྒྱུད་པ་རྣམས་ཀྱི་ཐུགས་དམ་བསྐང་བར་འདོད་པས། སྐོང་རྫས་རྣམས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ལ།

ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ།

ཧྲཱིཿ ཀུན་བརྟགས་གཞན་དབང་འཁྲུལ་པ་ལས་འདས་པའི། །

ཀུན་ཏུ་རྟོག་བྲལ་ཡོངས་གྲུབ་གཉུག་མའི་དབྱིངས། །

ཀུན་ནས་རྣམ་གྲོལ་ཡོན་ཏན་རྒྱ་མཚོའི་དཔྱིད། །

ཀུན་བཟང་ཆོས་ཀྱི་སྐུ་ཡི་ཐུགས་དམ་བསྐང་། །

 

བདེ་བའི་བདག་ཉིད་སྣ་ཚོགས་གཟུགས་ཅན་དང་། །

བདེ་མཆོག་འཁོར་ལོའི་དབང་ཕྱུག་ཟུང་འཇུག་པའི། །

བདེ་ཆེན་ཁ་སྦྱོར་ཡན་ལག་བདུན་གྱི་དངོས། །

བདེ་སྟོང་རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང་། །

 

དགའ་ལྡན་ལྷ་བརྒྱའི་ནོར་བུའི་ཅོད་པན་རྩེར། །

དགའ་ཆེན་སྒྱུ་མའི་ཞབས་པད་ཉེར་བཀོད་པའི། །

དགའ་བཞིའི་ཡེ་ཤེས་མཚན་དཔེར་ཤར་བའི་གཟུགས། །

དགའ་རབ་དགྱེས་པ་རྡོ་རྗེའི་ཐུགས་དམ་བསྐང་། །

 

དཔལ་ལྡན་མཁས་པའི་ཚོགས་ཀྱིས་ཕྱག་བྱས་ཤིང་། །

དཔལ་ལྡན་གྲུབ་རིགས་རྒྱ་མཚོའི་འཁོར་ལོས་སྒྱུར། །

དཔལ་ལྡན་སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ །

དཔལ་ལྡན་མཉྫུ་མི་ཏྲའི་ཐུགས་དམ་བསྐང་། །

 

རང་བཞིན་ཀ་དག་འོད་གསལ་ཆེན་པོའི་ངང་། །

རང་གདངས་ལྷུན་གྲུབ་སྣང་བཞིའི་རྩལ་རྫོགས་པས། །

རང་བྱུང་གདོད་མའི་གནས་ལུགས་མངོན་གྱུར་པ། །

རང་གྲོལ་ཤྲཱི་སིཾ་ཧའི་ཐུགས་དམ་བསྐང་། །

 

རྣམ་བཅས་བདེ་བ་ཆེན་པོའི་རྟུལ་ཞུགས་ཀྱིས། །

རྣམ་མེད་སྟོང་ཉིད་ཕྱག་རྒྱར་མཉམ་སྦྱོར་བས། །

རྣམ་པ་ཀུན་གྱི་མཆོག་ལྡན་ཡེ་ཤེས་དབྱིངས། །

རྣམ་གྲོལ་ཛྙཱ་ན་སཱུ་ཏྲའི་ཐུགས་དམ་བསྐང་། །

 

འཕོ་འགྱུར་གཉིས་སུ་སྣང་བའི་ཉེར་ལེན་ཀུན། །

འཕོ་བྲལ་དབུ་མའི་སྲོག་ཏུ་ཡོངས་གྲུབ་པས། །

འཕོ་ཆེན་འཇའ་ལུས་རྡོ་རྗེའི་གོ་འཕང་ལས། །

འཕོ་མེད་བི་མ་མི་ཏྲའི་ཐུགས་དམ་བསྐང་། །

 

འཆི་མེད་ཐོག་མའི་མགོན་པོའི་རྣམ་རོལ་ནི། །

འཆི་མེད་རྟག་པ་དམ་པའི་གཟུགས་འཆང་བ། །

འཆི་མེད་རིག་འཛིན་ཌཱ་ཀིའི་ཚོགས་ཀྱི་རྗེ། །

འཆི་མེད་པདྨ་ཐོད་ཕྲེང་ཐུགས་དམ་བསྐང་། །

 

གྲུབ་པའི་སློབ་དཔོན་ཆེན་པོས་རྗེས་བཟུང་ཞིང་། །

གྲུབ་གཉིས་ཡིད་བཞིན་གཏེར་ལ་དབང་འབྱོར་བས། །

གྲུབ་མཆོག་བྱེ་བའི་གཙུག་ན་ངལ་འཚོ་བ། །

གྲུབ་ཆེན་རྗེ་འབངས་ཉེར་ལྔའི་ཐུགས་དམ་བསྐང་། །

 

ཀུན་ཏུ་ཟབ་ཞི་སྤྲོས་བྲལ་ཆོས་ཉིད་དང་། །

ཀུན་སྣང་སྙིང་རྗེ་ཆེན་པོ་ཟུང་འཇུག་པ། །

ཀུན་གཟིགས་ཡེ་ཤེས་མེ་ལོང་འཆང་བའི་དངོས། །

ཀུན་མཁྱེན་དྲི་མེད་འོད་ཟེར་ཐུགས་དམ་བསྐང་། །

 

རིགས་གཅིག་ལྷན་སྐྱེས་བདེ་ཆེན་ཐིག་ལེ་ལས། །

རིགས་རྣམས་སྣ་ཚོགས་སྤྲོ་དང་བསྡུ་བའི་གར། །

རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཆོག །

རིག་འཛིན་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །

 

ཧྲཱིཿ ཐུགས་དམ་སྐོང་བའི་ཕྱི་ནང་མཆོད་པ་ནི། །

ཚོགས་དྲུག་སྣང་བ་དབྱིངས་སུ་ཐིམ་པ་ལས། །

གང་ཤར་འདོད་ཡོན་རྒྱན་གྱི་རོལ་མོའི་སྤྲིན། །

མི་ཟད་ནམ་མཁའ་མཛོད་ཀྱིས་ཐུགས་དམ་བསྐང་། །

 

མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །

མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ །

བཀྲ་ཤིས་རྫས་རྟགས་རིན་ཆེན་རྣམ་བདུན་སོགས། །

ལྷ་རྫས་ཕྱི་ཡི་མཆོད་པས་ཐུགས་དམ་བསྐང་། །

 

སྣང་སྟོང་སྒྱུ་མའི་གཟུགས་དང་ནཱ་དའི་སྒྲ །

བདེ་ཆེན་ཚུལ་ཁྲིམས་དྲི་དང་དགའ་བཞིའི་རོ། །

རབ་འབར་གཏུམ་མོའི་རེག་བྱ་ཆོས་ཀྱི་དབྱིངས། །

རང་བྱུང་ནང་གི་མཆོད་པས་ཐུགས་དམ་བསྐང་།

 

ཁམས་ལྔ་དབུ་མར་སྦྱོར་བའི་ཨ་མྲྀ་ཏ། །

རླུང་བཅུ་དབྱིངས་སུ་བསྒྲལ་པའི་དམར་ཆེན་པོ། །

ཟུང་འཇུག་བདེ་བ་ཆེན་པོའི་བ་ལིཾ་ཏ། །

ལྷན་སྐྱེས་གསང་བའི་མཆོད་པས་ཐུགས་དམ་བསྐང་། །

 

ཀ་དག་འོད་གསལ་དབྱིངས་ཀྱི་གནས་ལུགས་རྟོགས། །

ལྷུན་གྲུབ་རིག་པ་ཆོས་ཟད་ཆེན་པོར་སྨིན། །

འཁོར་འདས་གཞི་གྲོལ་གཞོན་ནུ་བུམ་སྐུའི་ངང་། །

བླ་མེད་མཆོག་གི་མཆོད་པས་ཐུགས་དམ་བསྐང། །

 

སོ་ཐར་བྱང་སེམས་རིག་འཛིན་སྡེ་སྣོད་ཀྱི། །

བཅས་དང་རང་བཞིན་ཉམས་པའི་སྡིག་ལྟུང་ཀུན། །

རྩ་གསུམ་ཀུན་འདུས་བླ་མའི་དཀྱིལ་འཁོར་ཆེར། །

རང་གྲོལ་གཉུག་མའི་ངང་དུ་མཐོལ་ཞིང་བཤགས། །

 

ཧྲཱིཿ དེ་ལྟར་བསྐང་ཞིང་བཤགས་པའི་བྱིན་རླབས་ཀྱིས། །

བདག་གཞན་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །

བརྒྱུད་གསུམ་རིག་འཛིན་ཌཱ་ཀིས་རྗེས་བཟུང་ནས། །

དོན་གཉིས་བསམ་སྦྱོར་ཡིད་བཞིན་འགྲུབ་པར་ཤོག །

 

གནས་སྐབས་བརྒྱད་གཉིས་འཇིགས་པ་ཀུན་ཞི་ཞིང་། །

ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡོན་ཏན་རྒྱས། །

འཁོར་འདས་སྣང་སྲིད་དབང་དུ་འདུ་བ་དང་། །

གཟུང་འཛིན་དགྲ་བགེགས་རྩད་ནས་ཆོད་པར་ཤོག །

 

མཐར་ཐུག་ཅིར་སྣང་ལྷ་ཡི་ཕྱག་རྒྱར་དག །

སྒྲར་གྲགས་བདེ་ཆེན་རྡོ་རྗེའི་དབྱངས་སུ་རྫོགས། །

རྟོག་ཚོགས་འོད་གསལ་ཆོས་ཀྱི་སྐུར་སྨིན་ནས། །

རང་བཞིན་གདོད་མའི་དབྱིངས་སུ་གྲོལ་བར་ཤོག །

 

དེ་ལྟར་འོད་གསལ་སྙིང་ཏིག་གི་རིག་འཛིན་བླ་མ་བརྒྱུད་པའི་ཚོགས་ཀྱི་ཐུགས་དམ་སྐོང་བའི་རིམ་པ་མཁའ་སྤྱོད་ཌཱ་ཀིའི་ཐོལ་གླུ་ཞེས་བྱ་བ་འདི་ཡང་། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀུན་མཁྱེན་བླ་མ་དགྱེས་པའི་འབངས་འཇིགས་པ་མེད་པའི་སྡེས་ཕྱོགས་བྲལ་གྱི་རྒྱལ་ཁམས་ཉུལ་བའི་སྐབས་སུ་རྒྱལ་བ་གཉིས་པ་དྲི་མེད་འོད་ཟེར་གྱིས་སྡེ་གསུམ་རྫོགས་པ་ཆེན་པོའི་སེང་གེའི་སྒྲ་དབྱངས་ཀྱིས་བསིལ་ལྡན་ལྗོངས་ཀུན་ཁྱབ་པར་མཛད་པའི་གནས་གངས་རི་ཐོད་དཀར་འོད་ཟེར་སྤྲིན་གྱི་སྐྱེད་མོས་ཚལ་དུ་རྣམ་འཕྱང་ལོའི་ས་ཟླ་ཕྱི་མའི་དམར་ཕྱོགས་ཌཱ་ཀི་འདུ་བའི་དུས་ཀྱི་མཆོད་པ་ཆེན་པོའི་ནུབ་མོར་སྣང་གསལ་ཞིག་གི་ངོགས་སུ་ཤར་མར་སྦྱར་བ་ཛ་ཡནྟུ། སརྦ་དཱ་མངྒ་ལཾ།། །།

 

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Tiklé Gyachen

གནས་ཚུལ་འཕར་མ།

BDRC Author Profiles: P258 P314 P1583

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept