བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན༔

English | Español | བོད་ཡིག

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན༔

 

གུ་རུ་ཨ་གྲ་ཧི་ན་མཿ

ཡང་གསང་བླ་མའི་སྒྲུབ་པ་ནི༔
ཤིན་ཏུ་དབེན་ཞིང་ཡིད་མཐུན་པར༔
མཎྜལ་ཚོམ་བུ་ལྔ་པའི་སྟེང་༔
བྷནྡྷ་དུམ་བུ་གསུམ་པའི་ནང་༔
རིག་འཛིན་འདུས་པའི་སྲོག་འཁོར་དང་༔
སེལ་མེད་དམ་རྫས་ཨམྲྀཏ༔
རིན་ཆེན་སྨན་དང་འབྲུ་སྣས་བཀང་༔
སྟེང་ནས་དར་དམར་ལྡིང་གུར་དབུབ༔
མདུན་དུ་གཏོར་ཚོགས་སྤྱི་མཐུན་བཤམ༔
བདེ་བའི་སྟན་ལ་བག་ཕེབ་སྟེ༔

དང་པོ་སྐྱབས་སུ་འགྲོ་བ་ནི༔

ཧཱུྃ༔ ངོ་བོ་རང་བཞིན་ཐུགས་རྗེའི་རྩལ༔

སྐུ་གསུམ་ཆེན་པོར་ལྷུན་རྫོགས་པའི༔

རང་རིག་དོན་གྱི་བླ་མ་ལ༔

འཛིན་མེད་ངང་ནས་སྐྱབས་སུ་མཆི༔

ལན་གསུམ༔

གཉིས་པ་སེམས་བསྐྱེད་ནི༔

ཧོཿ སངས་རྒྱས་མེད་ལ་སེམས་ཅན་མེད༔

ཡིན་པ་མེད་ལ་མིན་པ་མེད༔

སོ་མ་རང་གདངས་ལྷུག་པའི་གདངས༔

རང་གྲོལ་ཆེན་པོར་སེམས་བསྐྱེད་དོ༔

ལན་གསུམ༔

ཚོགས་བསོག་ནི༔

ཧོཿ ཆུ་ལས་ཆུ་བུར་ཇི་བཞིན་དུ༔

ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ལྷར༔

མངོན་སུམ་རིག་པས་ཕྱག་འཚལ་ལོ༔

ཉམས་སྣང་གོང་འཕེལ་མཆོད་པར་འབུལ༔

རིག་པ་ཚད་ཕེབས་ངང་དུ་བཤགས༔

ཆོས་ཉིད་ཟད་ལ་རྗེས་ཡི་རང་༔

འཕོ་ཆེན་ཀློང་ནས་ཆོས་འཁོར་བསྐོར༔

འཇའ་ལུས་ཆེན་པོར་བཞུགས་གསོལ་འདེབས༔

དགེ་ཚོགས་གཞོན་ནུ་བུམ་སྐུར་བསྔོ༔

གསུམ་པ་མཚམས་གཅོད་ནི༔

ཧྲཱིཿ གདོད་ནས་འཁོར་འདས་གཉིས་མེད་ལ༔

བགེགས་དང་བར་ཆད་མིང་ཡང་མེད༔

འོད་གསལ་སྒྱུ་འཕྲུལ་དྲྭ་བའི་ངང་༔

རྣམ་རྟོག་བག་ཆགས་མཚམས་གཅད་དོ༔

ཛྙཱ་ན་བཛྲ་རཀྵ་ཧཱུྃ༔

བཞི་པ་བྱིན་དབབ་མཆོད་རླབས་ནི༔

ཧཱུྃ༔ སྟོང་ཉིད་དབྱིངས་ལས་ཐུགས་རྗེའི་རྩལ༔

མཁའ་ལ་འཇའ་ཚོན་ལྟ་བུར་ཤར༔

དཀྱིལ་འཁོར་མཆོད་པའི་རྫས་རྣམས་ཀུན༔

རང་གྲོལ་ཆེན་པོར་བྱིན་གྱིས་རློབས༔

ཛྙཱ་ན་བཛྲ་ས་མ་ཡ་ཕེཾ་ཕེཾ༔

ཨོཾ་ཨཱཿཧཱུྂ༔

ལན་གསུམ་བརྗོད་པས་མཆོད་རྫས་རློབ༔

ལྔ་པ་དཀྱིལ་འཁོར་བསྐྱེད་པ་ནི༔

ཧཱུྂ༔ རིག་སྟོང་ཆོས་ཉིད་མངོན་སུམ་དབྱིངས༔

དྲན་རྫོགས་ཉམས་སྣང་གོང་འཕེལ་སྐུ༔

རིག་པ་ཚད་ཕེབས་དོན་གྱི་ལྷ༔

ཆོས་ཟད་མ་བཅོས་ཀློང་ཆེན་པ༔

ཞེས་ཀྱང་བསྒྱུར་ཆོག་པ་རྩ་བའི་མན་ངག བི་མ་ལ༔

ཞི་འཛུམ་པཎྜི་ཏ་ཡི་ཆས༔

སེམས་ཉིད་ངལ་གསོའི་ཕྱག་རྒྱ་ཅན༔

སྣང་ལ་རང་བཞིན་མེད་པའི་ངང་༔

སྐུ་གསུམ་ཞིང་ཁམས་ཐམས་ཅད་རྫོགས༔

གནས་གསུམ་ཡི་གེ་གསུམ་གྱིས་མཚན༔

དེ་ལས་འཕྲོས་པའི་འོད་ཟེར་གྱིས༔

དུས་གསུམ་བདེ་གཤེགས་རྩ་བ་གསུམ༔

རིག་འཛིན་མཁའ་འགྲོ་རྒྱ་མཚོར་བཅས༔

མ་ལུས་སྤྱན་དྲངས་དབྱེར་མེད་བསྟིམ༔

དྲུག་པ་སྤྱན་འདྲེན་བྱ་བ་ནི༔

ཧཱུྂ༔ རྣམ་རྟོག་བྲལ་བའི་ཕོ་བྲང་ནས༔

གདོད་མའི་མགོན་པོ་གཤེགས་སུ་གསོལ༔

ཕྱོགས་ལྷུང་མེད་པའི་ཕོ་བྲང་ནས༔

དུས་གསུམ་བདེ་གཤེགས་གཤེགས་སུ་གསོལ༔

 

འཇའ་ལུས་ཟང་ཐལ་ཕོ་བྲང་ནས༔

དཔལ་མགོན་བླ་མ་གཤེགས་སུ་གསོལ༔

རིག་པ་སྐུ་རུ་སྨིན་པ་དང་༔

འོད་ལུས་འགྲུབ་པར་བྱིན་གྱིས་རློབས༔

མ་ཧཱ་གུ་རུ་ཛྙཱ་ན་ས་མ་ཡ་ཛཿཛཿ

བདུན་པ་བརྡ་ཕྱག་འཚལ་བ་ནི༔

ཧོཿ ལྷ་དང་རང་སེམས་དབྱེར་མེད་ངང་༔

དམ་ཡེའི་འཛིན་པ་དག་བྱའི་ཕྱིར༔

བསམ་བརྗོད་བྲལ་བའི་བླ་མ་ལ༔

སྤང་བླང་མེད་པར་ཕྱག་འཚལ་ལོ༔

ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ

བརྒྱད་པ་མཆོད་པ་བྱ་བ་ནི༔

ཧཱུྂ༔ ཚོགས་དྲུག་ཡུལ་གྱི་རྩལ་སྣང་ཀུན༔

ཕྱི་ནང་གསང་བའི་མཆོད་སྤྲིན་དུ༔

ཕུལ་བས་ཞེན་འཛིན་རྣམ་རྟོག་ཀུན༔

འོད་གསལ་ཆེན་པོར་དག་པར་སྩོལ༔

ཨོཾ་བཛྲ་ཨརྒྷཾ་སོགས་ནས། རཱུ་པ་ཤཔྟ་གནྡྷེ་རཱ་ས་སྤརྴེ་མ་ཧཱ་པཉྩ་རཀྵ་བ་ལིཾ་ཏ་ཁཱ་ཧིཿ མ་ཧཱ་སུ་ཁ་དྷརྨ་དྷ་ཏུ་པཱུ་ཛཿཧོཿ

དགུ་པ་དོན་དམ་བསྟོད་པ་ནི༔

ཧྲཱིཿ མ་བཅོས་སྤྲོས་བྲལ་འོད་གསལ་ཆོས་སྐུའི་ངང་༔

རྣམ་མང་རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་རྫོགས༔

སྐུ་གསུམ་འདུ་འབྲལ་མེད་པའི་བླ་མ་ལ༔

ཀུན་རྫོབ་སྒྱུ་མ་ཙམ་དུ་བསྟོད་པར་བགྱི༔

བཅུ་པ་འཛབ་ཀྱི་དགོངས་པ་ནི།

ཐུགས་ཀར་ཐིག་ལེ་འོད་ལྔའི་ཀློང་༔

ཡེ་ཤེས་སེམས་དཔའ་ཀུན་ཏུ་བཟང་༔

མཐིང་གསལ་མཉམ་གཞག་ཕྱག་རྒྱ་ཅན༔

དེ་ཡི་ཙིཏྟའི་གུར་ཁང་དབུས༔

པདྨ་ཉི་ཟླའི་གདན་གྱི་སྟེང་༔

ཧཱུྂ་ཡིག་མཐིང་གའི་མཐའ་སྐོར་དུ༔

རིག་འཛིན་འདུས་པའི་སྲོག་སྔགས་ཀྱིས༔

བསྐོར་བའི་འོད་ཟེར་ཕྱོགས་བཅུར་འཕྲོས༔

དུས་གསུམ་བདེ་གཤེགས་ཐམས་ཅད་དང་༔

ཁྱད་པར་འོད་གསལ་རྫོགས་ཆེན་གྱི༔

རིག་འཛིན་བརྒྱུད་པའི་ཐུགས་རྗེ་བསྐུལ༔

ཚུར་འདུས་བདག་ལ་ཐིམ་པ་ཡིས༔

མཆོག་ཐུན་དངོས་གྲུབ་ཐོབ་པར་དམིགས༔

ཨོཾ་ཨཱཿཧཱུྂ་མ་ཧཱ་གུ་རུ་ཛྙཱ་ན་སིདྡྷི་ཧཱུྂ༔

རྩ་སྔགས་ཡིག་འབྲུ་བཅུ་གཉིས་པ༔ འབྲུ་འབུམ་དག་ཏུ་བསྙེན་པར་བྱ༔ བསྙེན་སྒྲུབ་ལས་གསུམ་ཆིག་ཆོད་ཡིན༔

འོད་ཟེར་འཕྲོས་པས་བདེ་གཤེགས་མཆོད་པ་བསྙེན་པ། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ཤིང་ལྷར་གྱུར་པ་སྒྲུབ་པ། ཚུར་འདུས་ནས་བདག་ལ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་བྱང་ཞིང་དངོས་གྲུབ་ཐོབ་པ་སྒྲུབ་ཆེན། དགོངས་པ་མཉམ་པ་ཉིད་དུ་བཞག་པ་ལས་སྦྱོར་རོ། །མཆན།

ཉམས་དངོས་རྨི་ལམ་མ་ངེས་པར༔
ཞལ་མཐོང་གསུང་ཐོས་རིག་རྩལ་འཆར༔
གླེགས་བམ་ཆར་རྒྱུན་འབབ་པ་དང་༔
སེང་གེ་གླང་ཆེན་ཞོན་སོགས་རྨི༔
ཁྱད་པར་ཉམས་རྟོགས་རྩོལ་མེད་འཆར༔
མ་བསླབ་ཆོས་ཀྱི་གཏེར་མཛོད་རྡོལ༔
དེ་ཚེ་དངོས་གྲུབ་བླང་བར་བྱ༔
ས་མ་ཡ༔ རྒྱ་རྒྱ་རྒྱ༔

 

ཨེ་མཿ ཤིན་ཏུ་ཡང་ཟབ་དགོངས་པའི་གཏེར༔
ཡང་གསང་ཐིག་ལེའི་རྒྱ་རྟགས་ཅན༔
གདོད་མའི་མགོན་པོ་ཀློང་ཆེན་པས༔
དཔལ་གྱི་བསམ་ཡས་མཆིམས་ཕུ་རུ༔
ཁོ་བོའི་སྙིང་གི་དབུས་སུ་སྦས༔
ལོ་ལྔའི་བར་དུ་གསང་རྒྱ་བྱས༔
ད་ལྟ་དུས་ངན་སྙིགས་མའི་ཚེ༔
ཟབ་རྒྱ་སྤེལ་བའི་སྣོད་དཀོན་ཡང་༔
གདུག་པ་ཞེ་སྡང་སྦྲུལ་གྱི་ལོར༔
ལྭ་བ་དཀར་པོའི་ལྡིང་གུར་ནང་༔
ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མས༔
འདི་ནས་ལོ་གསུམ་འདས་པ་ན༔
ཐུགས་ཀྱི་སྲས་མཆོག་གསུམ་ཡང་འབྱུང་༔
བཛྲའི་མིང་ཅན་སྙིང་སྟོབས་ཆེ༔
ཛྙཱ་ནའི་མིང་ཅན་གྲུབ་པའི་གཙོ༔
རིགས་ལྔའི་མིང་འཛིན་སྙན་ངག་མཁན༔
དེ་དག་རྣམས་ལ་ཆོས་སྒོ་འབྱེད༔
ཅེས་པའི་ལུང་བསྟན་ཇི་བཞིན་དུ༔
བརྒྱུད་འཛིན་སྙིང་གི་བུ་རྣམས་དང་༔
ཀོང་སྨྱོན་སྦས་པའི་རྣལ་འབྱོར་གྱིས༔
བསྐུལ་ངོར་ཟབ་དོན་བཀའ་རྒྱ་བཀྲོལ༔
སྨན་བཙུན་ཚེ་རིང་མཆེད་ལྔ་དང་༔
གཟའ་རྒོད་སྲོག་གི་སྤུ་གྲི་ཡིས༔
ཐུབ་པར་སྲུངས་ཤིག་དམ་ཚིག་རྒྱ༔
ལས་ཅན་རྣམས་ཀྱི་དཔལ་དུ་ཤོག༔

 

འཇིགས་མེད་གླིང་པ།

Tiklé Gyachen

གནས་ཚུལ་འཕར་མ།

BDRC Author Profiles: P314 P1583

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept