བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཟབ་བདུན་རྩ་གསུམ་སྐོར་ལས། གུ་རུ་བདེ་བ་ཆེན་པོའི་ཕྲིན་ལས་བདེ་ཆེན་བཅུད་འདྲེན་ཞེས་བྱ་བ།

English | བོད་ཡིག

༄༅། །ཟབ་བདུན་རྩ་གསུམ་སྐོར་ལས། གུ་རུ་བདེ་བ་ཆེན་པོའི་ཕྲིན་ལས་བདེ་ཆེན་བཅུད་འདྲེན་ཞེས་བྱ་བ་བཞུགས་སོ། །

 

བདེ་ཆེན་བདུད་རྩིའི་བཅུད་འབེབས་པས། །
སྡུག་བསྔལ་ཟུག་རྔུ་འཇོམས་མཛད་པ། །
གུ་རུའི་མཚན་དཔེ་སྙིང་དབུས་སུ། །
བཀོད་ནས་ཟབ་མོའི་གདམས་གསལ་བྱ། །

 

འདི་ཉིད་ཀྱི་ཕྲིན་ལས་ཁོ་ན་བཏང་བ་ལ་རྟེན་ཡོད་ན་བཀྲམ་པའི་མདུན་དུ་ཕྱི་ནང་གི་མཆོད་པ་ཚོགས་ཀྱི་ཡོ་བྱད་ཙམ་བཤམས་པས་ཆོག་ལ། དེ་ནས་ཕྲིན་ལས་ཀྱི་ཐོག་མར་ཚིག་བདུན་གསོལ་འདེབས་སྔོན་དུ་འགྲོ་དགོས་པས་སྐྱབས་སེམས་ནི།

 

ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔

སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔

སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔

བདེ་བ་ཆེན་པོའི་གོ་འཕང་བསྒྲུབ་པར་བགྱི༔

ལན་གསུམ།

སྔོན་གཏོར་བྱིན་རླབས་སྔགས་བསྔོས་སྤྱི་ལྟར་བྱ།

 

ཧཱུྃ་ཧྲཱིཿ གཉིས་སྣང་འཁྲུལ་པའི་གདོན་བགེགས་འབྱུང་པོ་ཀུན༔

གཏོར་མ་འདི་ལོངས་རང་རང་གནས་སུ་དེངས༔

གཉིས་མེད་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ངང་༔

མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔

ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔

 

བྱིན་འབེབས་དང་མཆོད་རྫས་བརླབ་པ་ནི།

ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་བླ་མའི་ལྷ་ཚོགས་དབྱིངས་ནས་བཞེངས༔

གནས་འདིར་བྱིན་ཕོབ་དབང་དང་དངོས་གྲུབ་སྩོལ༔

སྣང་སྲིད་གཞིར་བཞེངས་མཆོད་པའི་ཕྱག་རྒྱ་ཆེ༔

ཀུན་བཟང་རྣམ་འཕྲུལ་རྒྱ་མཚོར་བྱིན་གྱིས་རློབས༔

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ

ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔

 

ལྷ་བསྐྱེད་པ་ནི།

རང་སེམས་མ་བཅོས་སྟོང་པའི་ངང་ཉིད་ལས༔

སྣང་སྲིད་ཆོས་ཀུན་ཆོས་འབྱུང་ཆེན་པོར་རྫོགས༔

དེ་དབུས་པདྨ་ཉི་ཟླ་བམ་རོའི་སྟེང་༔

རྡོ་རྗེ་ཕག་མོ་ཞལ་གཅིག་ཕྱག་གཉིས་མ༔

དམར་གསལ་རྣ་ལྟག་གཡས་ན་ཕག་ཞལ་རྔམས༔

གྲི་ཐོད་འཛིན་ཅིང་ཞབས་གཉིས་གར་སྟབས་སྒྱུར༔

རུས་པའི་རྒྱན་ལྡན་དར་གྱི་ཅོད་པན་འཕུར༔

དེ་ཡི་པང་དུ་ཐབས་མཆོག་དཔའ་བོ་ནི༔

རྟ་མགྲིན་དཀར་པོ་དབུ་གཙུག་རྟ་ཞལ་བཞད༔

རུས་པའི་རྒྱན་ལྡན་ཡུམ་དང་གཉིས་མེད་འཁྲིལ༔

བདེ་དྲོད་མེ་ཕུང་འཁྲིགས་པའི་ཀློང་དུ་གསལ༔

རང་གི་སྙིང་གར་ཙིཏྟ་རིན་པོ་ཆེ༔

པདྨ་འདབ་བརྒྱད་ཅུང་ཟད་ཁ་བྱེའི་ནང་༔

ཟླ་བའི་སྟེང་དུ་རང་རིག་བདེ་བར་གཤེགས༔

གུ་རུ་བདེ་བ་ཆེན་པོ་དཀར་དམར་མདངས༔

མཛེས་པའི་ཉམས་ལྡན་ཁྲོ་འཛུམ་བརྗིད་ཆགས་པ༔

གསང་གོས་ཕོད་ཀ་ཆོས་གོས་རིན་ཆེན་བརྒྱན༔

པད་ཞྭ་བེར་སྨུག་ལྷུབ་གསོལ་སྐྱིལ་ཀྲུང་བཞུགས༔

མཉམ་བཞག་སྟེང་ན་ཐོད་པ་འོད་འབར་ནང་༔

བདེ་གཤེགས་ཀུན་གྱི་བྱང་སེམས་འདུས་པ་ཡི༔

བདེ་བ་ཆེན་པོ་ཡི་གེ་བྃ་དུ་གསལ༔

སྣང་སྟོང་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུ༔

རྡོ་རྗེ་གསུམ་གྱི་ངོ་བོར་ལྷུན་གྲུབ་ཅིང་༔

ཡེ་ཤེས་རིགས་ལྔའི་དབང་མཆོག་རྫོགས་པར་གྱུར༔

ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔

 

སྤྱན་འདྲེན་མཆོད་བསྟོད་ཀྱི་ཕྲིན་ལས་ནི།

ཧཱུྃ་ཧྲཱི༔ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང་༔

སྤྲུལ་པའི་ཞིང་མཆོག་པདྨ་དྲྭ་བ་ནས༔

སྐུ་གསུམ་དབྱེར་མེད་གུ་རུ་བདེ་བ་ཆེ༔

རབ་འབྱམས་རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔

མོས་པའི་གནས་འདིར་གདུང་བས་སྤྱན་འདྲེན་ན༔

ཐུགས་རྗེ་ཐུགས་དམ་དབང་གིས་གཤེགས་ནས་ཀྱང་༔

བར་ཆད་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔

ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན༔

 

ཧཱུྃ་ཧྲཱི༔ སྐྱེ་འགགས་འགྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས༔

རང་བྱུང་ཐུགས་རྗེས་འགྲོ་བ་མ་ལུས་སྒྲོལ༔

ཡིད་བཞིན་ནོར་ལྟར་དངོས་གྲུབ་ཆར་འབེབས་པའི༔

གུ་རུ་བདེ་བ་ཆེ་ལ་ཕྱག་འཚལ་ལོ༔

ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ

 

ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་འདོད་ཡོན་རྒྱ་མཚོ་སྤྲིན་ལྟར་གཏིབས༔

ནང་མཆོད་སྨན་རཀ་གཏོར་ཚོགས་བསམ་མི་ཁྱབ༔

གསང་མཆོད་བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས༔

འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔

ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་སརྦ་པཉྩ་རཀྟ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔

 

ཧཱུྃ་ཧྲཱིཿ ངོ་བོ་འོད་གསལ་ཆོས་སྐུའི་ངང་ཉིད་ལས༔

རང་བཞིན་བདེ་སྟོང་ལོངས་སྤྱོད་རྫོགས་སྐུར་ཤར༔

ཐུགས་རྗེ་གང་འདུལ་སྤྲུལ་སྐུའི་འགྲོ་དོན་མཛད༔

བདེ་བ་ཆེན་པོ་བླ་མའི་སྐུ་ལ་བསྟོད༔

 

ཛཔ྄་སྐུལ་པ་ནི།

ཧཱུྃ་ཧྲཱིཿ སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔

ཡེ་ཤེས་སྒྱུ་མར་རོལ་པའི་ལྷ་ཚོགས་རྣམས༔

མི་འདའ་རྡོ་རྗེའི་དམ་ཚིག་རྗེས་དགོངས་ལ༔

བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔

 

ཏིང་འཛིན་ནི།

བྃ་ལས་བདུད་རྩིའི་རྒྱུན་བབས་ཐོད་པ་གང་༔

འཕྱུར་ཞིང་ལུད་པས་སྙིང་གི་ནང་གང་བའི༔

བདེ་བ་ཆེན་པོ་རྡོ་རྗེའི་སྲོག་འགྲུབ་འགྱུར༔

ༀ་གུ་རུ་མཧཱ་སུ་ཁ་སིདྡྷི་ཧཱུྂ༔

ཞེས་བདག་མདུན་དབྱེར་མེད་ཀྱི་ངང་ནས་བཟླས་པ་ཅི་འགྲུབ་བྱ།

 

མཐར་མཆོད་བསྟོད་ཕུལ་ལ་ཡིག་བརྒྱ་བརྗོད།

ༀ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དི་མ་ཧཱ་ཤྲ་མ་ཎཿཡེ་སྭཱཧཱ།

 

ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་འདོད་ཡོན་རྒྱ་མཚོ་སྤྲིན་ལྟར་གཏིབས༔

ནང་མཆོད་སྨན་རཀ་གཏོར་ཚོགས་བསམ་མི་ཁྱབ༔

གསང་མཆོད་བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས༔

འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔

ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་སརྦ་པཉྩ་རཀྟ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔

 

ཧཱུྃ་ཧྲཱིཿ ངོ་བོ་འོད་གསལ་ཆོས་སྐུའི་ངང་ཉིད་ལས༔

རང་བཞིན་བདེ་སྟོང་ལོངས་སྤྱོད་རྫོགས་སྐུར་ཤར༔

ཐུགས་རྗེ་གང་འདུལ་སྤྲུལ་སྐུའི་འགྲོ་དོན་མཛད༔

བདེ་བ་ཆེན་པོ་བླ་མའི་སྐུ་ལ་བསྟོད༔

 

ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ༔ ཏིཥྛ་དྲྀ་ཌྷོ་མེ་བྷ་བ༔ སུ་ཏོ་ཥྱོ་མེ་བྷ་བ༔ སུ་པོ་ཥྱོ་མེ་བྷ་བ༔ ཨ་ནུ་རཀྟོ་མེ་བྷ་བ༔ སརྦ་སིདྡྷི་མྨེ་པྲ་ཡ་ཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུ་ཉྩ༔ བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔

 

རྗེས་ཚོགས་མཆོད་འབུལ་བ་སྤྲོ་ན།

རྃ་ཡྃ་ཁྃ༔ བདག་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས༔

རྃ་ཡྃ་ཁྃ་འཕྲོས་ཚོགས་རྫས་དངོས་འཛིན་སྦྱངས༔

འབྲུ་གསུམ་འོད་ཀྱིས་ཡེ་ཤེས་བདུད་རྩིར་བསྒྱུར༔

འདོད་ཡོན་མཆོད་སྤྲིན་ནམ་མཁའ་གང་བར་གྱུར༔

ཨོཾ་ཨཱཿཧཱུྃ༔

 

ཧཱུྃ་ཧཱུྃ་ཧཱུྃ༔ བཞེངས་ཤིག་སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔

འོད་གསལ་སྤྲོས་དང་བྲལ་བའི་ངང་ཉིད་ལས༔

བདག་ཅག་ཚོགས་བསགས་སྒྲིབ་པ་སྦྱངས་སླད་དུ༔

ཡེ་ཤེས་སྒྱུ་མར་རོལ་བཞིན་གཤེགས་སུ་གསོལ༔

བཛྲ་ས་མ་ཡ་ཛཿཛཿ

 

ཨོཾ་ཨཱཿཧཱུྃ༔ ཚོགས་ཀྱི་ངོ་བོ་ཡེ་ཤེས་བདུད་རྩིའི་སྤྲིན༔

རྣམ་པ་འདོད་ཡོན་ལྷ་མོས་ནམ་མཁའ་གང་༔

ཟག་མེད་བདེ་བ་ཆེན་པོའི་ལོངས་སྤྱོད་འདིས༔

རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔

སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོཿ

 

ཧོཿ ཐོག་མེད་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དང་༔

ཁྱད་པར་རྩ་བ་ཡན་ལག་དམ་ཚིག་ལས༔

འགལ་ཞིང་ཉམས་པར་གྱུར་པ་ཐམས་ཅད་ཀུན༔

འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔

ས་མ་ཡ་ཤུདྡྷེ་ཨ༔

 

ཧཱུྃ༔ དཔལ་ཆེན་ཐུགས་སྤྲུལ་རྡོ་རྗེའི་གིང་ཀ་རས༔

གཟུང་འཛིན་བདུད་བགེགས་ཚོགས་རྣམས་བཀུག་ཅིང་བསྟིམས༔

འོད་གསལ་དབྱིངས་སུ་བསྒྲལ་བའི་ཤ་ཁྲག་རུས༔

རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབས༔

སརྦ་བིགྷྣཱན་ཤ་ཏྲཱུན་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕཊ྄༔

 

བྷྱོ༔ དཔལ་གྱི་བཀའ་ཉན་ཕོ་ཉའི་ཚོགས༔

ལྷག་མའི་ལོངས་སྤྱོད་འདི་གསོལ་ལ༔

སྔོན་ཚེ་གཡར་དམ་བཅས་པ་བཞིན༔

བར་ཆད་ཀུན་སོལ་མཐུན་རྐྱེན་སྤེལ༔

མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔

ཞེས་ཕུལ།

 

རྗེས་ཆོག་མཆོད་བསྟོད་དང་ནོངས་བཤགས་བྱ།

 

ཨོཾ༔ རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་རྣམས༔

བདག་ལ་གསན་ཅིང་དགོངས་སུ་གསོལ༔

བདག་ཅག་མ་རིག་འཁྲུལ་པ་ཡིས༔

ཕྱག་རྒྱ་མ་གསལ་ཛ྄པ་བཟླས་གཡེལ༔

ཏིང་འཛིན་དགོངས་པའི་རྩལ་མ་རྫོགས༔

བྱིང་རྒོད་འཆལ་བར་གྱུར་པ་སོགས༔

ནོངས་པར་གྱུར་པ་ཅི་མཆིས་པ༔

སྙིང་ནས་འགྱོད་པས་མཐོལ་བཤགས་ན༔

སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩོལ༔

 

རྟེན་ཡོད་ན་མདུན་བསྐྱེད་བརྟན་བཞུགས།

ཨོཾ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །

འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །

ནད་མེད་ཚེ་དང་དབང་ཕྱུག་དང་། །

མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །

ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ།

 

བདག་བསྐྱེད།

ཧཱུྃ་ཧཱུྃ་ཧཱུྃ༔ གིས་འོད་གསལ་དུ་བསྡུ།

 

ཕཊ་ཕཊ་ཕཊ༔ ཀྱིས་གཉུག་མའི་ལྷ་སྐུར་ལྡང༌།

 

བསྔོ་སྨོན་དང་ཤིས་བརྗོད་ནི།

ཧོཿ རིག་འཛིན་བླ་མའི་དཀྱིལ་འཁོར་བསྒྲུབས་པའི་མཐུས༔

བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན༔

ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང་༔

འོད་གསལ་ཆོས་སྐུའི་དབྱིངས་སུ་གྲོལ་བར་ཤོག༔

རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས༔

ཡི་དམ་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས༔

ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༔

མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔

ཅེས་བརྗོད་ལ་དགེ་ལེགས་སུ་བྱའོ། །

 

འདི་ཉིད་གཏེར་ཆེན་མཆོག་གྱུར་གླིང་པ་སྡེ་དགེའི་རྒྱལ་ཁབ་ཏུ་བཞུགས་པའི་སྐབས་དགོས་པའི་དབང་གིས་རྩ་བ་ཙམ་གཏན་ལ་ཕབ་ཅིང༌། དབང་བསྐུར་ཐུགས་ཐོག་ནས་བཙལ་བ་ཟབ་དབང་ཐུན་མོང་མ་ཡིན་པ་ཞིག་སྣང་ཡང་དེ་སྐབས་ཡི་གེར་འཁོད་པ་མ་བྱུང༌། ཕྱིས་སུ་རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པས་ཤོག་སེར་གཟིགས་ནས་དབང་ཆོག་བརྡ་བསྒྱུར་དང་དབང་བསྐུར་འདི་ལྟར་བཀའ་དྲིན་བསྩལ་བ་སྟེ། བདག་བསྐྱེད་ཙམ་ལ་གཏེར་གཞུང་ཁོ་ནས་འཐུས་ཤིང༌། སྔོན་ཏུ་སྐྱབས་སེམས་དང༌། རྗེས་སུ་བསྡུ་ལྡང་དགེ་བསྔོ་རྣམས་སྦྱར། དེའང་སྐྱེས་པས་ཉམས་སུ་ལེན་ན་ཡབ་རྟ་མགྲིན་ལ་ཡུམ་ཕག་པོས་འཁྱུད་པ་བསྐྱེད། བུད་མེད་ཀྱིས་ཉམས་སུ་ལེན་ན་གོ་ལྡོག་ལྷན་སྐྱེས་གཞུང་བཞིན་བྱ་བ་ཞལ་རྒྱུན་ནོ། །དབང་བསྐུར་སྐབས་ཕྲིན་ལས་མེད་ཀ་མེད་དུ་སོང་བས་ཐུགས་སྒྲུབ་ཕྲིན་ལས་སྙིང་པོས་ཁ་སྐོང་བའོ། །

སྙིང་ལ་ཉལ་བའི་སྡུག་བསྔལ་ནད། །
བདེ་ཆེན་བདུད་རྩིས་བཅུད་འདིས་གསོས། །
བྱང་ཆུབ་དགའ་བ་རྒྱས་པ་ཡིས། །
སྲིད་པའི་ཟུག་རྔུ་འབྱིན་གྱུར་ཅིག །

གདམས་ཟབ་ཁྱད་པར་ཅན་འདི་ཉིད་རྒྱུན་ལ་ཕན་པའི་ལྷག་མོས་ཀྱིས་པདྨ་གར་དབང་ཕྲིན་ལས་འ་འདུལ་རྩལ་གྱིས་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

 

འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།

Guru of Great Bliss (Guru Dewa Chenpo)

གནས་ཚུལ་འཕར་མ།

BDRC Author Profiles: P264 P564

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept